དབུ་ཤོག>ཞིང་འབྲོག་གསར་པ།
  • ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-26

    སྨར་ཁམས་རྫོང་གི་སྐོར་གླེང་ཚེ་ཀུན་གྱིས་ས་གནས་དེ་གའི་ཞིམ་ཟས་ཏེ“ཅཱ་ཅཱ་ཐུག་པ”ཡིད་ལ་འཆར་སྲིད།

    བོད་ཤར་རྒྱུད་ཀྱི་སྨར་ཁམས་སུ་བསྐྱོད་ཚེ། “ཅཱ་ཅཱ་ཐུག་པ”དང་འདྲ་བའི་དྲ་ཐོག་མིང་ཅན་གྱི་ཞིམ་ཟས་ཕུད། ས་གནས་དེ་གས་ད་དུང་བོད་ལྗོངས་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)སྦྲེལ་མཚམས་ཀྱི་འགྲིམ་འགྲུལ་ལྟེ་བའི་ཁུལ་གལ་ཆེན་གྱི་ལེགས་ཆར་བརྟེན་ཏེ།“མཛེས་སྡུག་ཡིད་འོང་གི་སྨར་ཁམས”ཀྱི་ཁུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་རྣམ་གྲངས་ཁྱབ་གདལ་ཤུགས་ཆེན་བཏང་ནས། མང་ཚོགས་དེ་བས་མང་བ་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱས་ཡོད།

    རྒྱལ་ལམ་318དང་214ལམ་ཐིག་སྨར་ཁམས་རྫོང་དང་འབྲེལ་ཡོད། སྨར་ཁམས་རྫོང་གྲོང་ནས་རྒྱལ་ལམ་318བརྒྱུད་དེ་ནུབ་ཏུ་སྤྱི་ལེ་45བསྐྱོད་ཚེ་རྒྱལ་ལམ་དང་ཐག་ཉེ་བའི་རོང་མེ་གྲོང་རྡལ་དུ་སླེབས་ཤིང་། དེ་ནི་ཡུལ་སྐོར་བས་དགའ་པོ་བྱེད་པའི་ས་ཆ་ཡག་པོ་ཞིག་རེད།

    རོང་མེ་གྲོང་རྡལ་གྲུ་ཁ་གྲོང་ཚོར་བསྐྱོད་སའི་འགྲོ་ལམ་གྱི་གྲས་ཤིག་ཡིན་པའི་གྲུ་ཁ་ཟམ་ཆེན་ནི་1968ལོར་བསྐྲུན་པའི་གཞུ་དབྱིབས་ཟམ་པ་ཞིག་རེད། གསར་བརྗེའི་རྗེས་ཤུལ་དེ་དང་ད་ཆ་སྒྱུར་བཀོད་རིམ་སྤོར་བྱས་པའི་རྒྱལ་ལམ་318ཀྱིས་གངས་ལྗོངས་ས་མཐོའི་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བའི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ།

    ཆུང་དུས་ནས་གྲུ་ཁ་གྲོང་ཚོར་འཚོ་བ་བསྐྱལ་བའི་རིན་ཆེན་བཀྲ་ཤིས་འདི་ལོ་ལོ་50ལ་སླེབས་པ་དང་། ཏང་གི་ཉི་འོད་འོག་2018ལོར་ཁོང་ཚོའི་ཁྱིམ་ཚང་དབུལ་ཞྭ་ཕུད་ཐུབ་ཡོད་པ་རེད།

    “གྲོང་ཚོར་ལོ་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”དབུལ་པོའི་གནས་ལས་བསྒྲལ་ནས་ཕྱུག་འགྱུར་བྱུང་བའི་རིན་ཆེན་བཀྲ་ཤིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་ཟབ་མོ་ཚོར་བཞིན་ཡོད།

    རིན་ཆེན་བཀྲ་ཤིས་ཀྱི་སྡོད་ཁང་དུ་སྐྱོད་སྐབས། ཁང་པ་རྒྱ་ཆེ་ཞིང་དཀར་ཆ་དོད་ལ་མཛེས་རྒྱན་སྤུས་ལེགས་སྤྲས་ཅིང་། དེང་རབས་ཀྱི་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཡོད་པས་དེ་སྔའི་དབུལ་ཕོངས་རྗེས་ལུས་ཀྱི་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག རིན་ཆེན་བཀྲ་ཤིས་ཀྱི་བཟའ་ཟླ་དང་བུ་མོས་གྲོང་ཚོའི་ཉེ་འགྲམ་གྱི་སྨར་ཁམས་རོང་མེའི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་སུ་ཞབས་ཞུ་མ་བྱས་ཏེ་མི་རེར་ཟླ་རེར་གླ་ཆ་སྒོར་སུམ་སྟོང་ལྷག་ཙམ་ལེན་རྒྱུ་ཡོད། ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་དེ་ཁྲུང་ཆིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་5500བཏང་བའི་བོད་སྐྱོར་གྱི་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་གྲོང་མི་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པའི་གོ་སྐབས་བཏོད་ཡོད།

    “ལས་ཞུགས་ལས་གནས་བརྟན་པོ་ཡོད་པ་ཕུད། གྲོང་ཚོས་ད་དུང་ངལ་རྩོལ་ནུས་ཤུགས་ལྷག་མ་ཉེ་འཁོར་གྱི་རྣམ་གྲངས་ལས་ཡུལ་དུ་གླ་པ་རྒྱུག་པར་སྒྲིག་འཛུགས་བྱས་པས་ཉིན་གླ་སྒོར་300ཙམ་ཡོང་གི་འདུག”ཅེས་དབུལ་སྒྲོལ་དང་ཡོང་འབབ་སྐོར་གླེང་སྐབས་རིན་ཆེན་བཀྲ་ཤིས་ཀྱི་གདོང་ལས་འཛུམ་མདངས་འཕྱུར་བཞིན་བརྗོད།

    རིན་ཆེན་བཀྲ་ཤིས་གནས་སའི་ལྕང་མདོང་ཚོགས་ཆུང་ནི་2019ལོར་སྨར་ཁམས་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་གཙོ་གནད་འདུ་འགོད་ཡིན་པའི་ཆ་ནས། རྫོང་གིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས“ལོ་བརྒྱའི་བོད་གྲོང”རྣམ་པའི་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། རྣམ་གྲངས་ཀྱིས་གྲུ་ཁ་གྲོང་ཚོའི་ལྕང་མདོང་ཚོགས་ཆུང་གི་ཁོར་ཡུག་འཕྲོད་བསྟེན་དང་། རྨང་གཞིའི་ལེ་ལག་ཚང་སྒྲིག གྲོང་གསེབ་ཀྱི་རྣམ་པ་བཅས་ལ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་པ་དེས་གྲོང་མིར་སྡོད་མལ་ལ་འཚམ་པའི་ཁོར་ཡུག་ཞིག་བཏོད་པ་མ་ཟད། ད་དུང་ས་ཁོངས་ཀྱི་མི་རིགས་ཁྱད་ཆོས་སྲུང་སྐྱོང་ཤུགས་ཆེན་བྱས་པས་རྒྱལ་ལམ་318ནས་བོད་དུ་སྐྱོད་མཁན་ཡུལ་སྐོར་བར་བོད་ཁྱིམ་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་སོགས་བོད་རིགས་ཀྱི་གྲོང་སྡེའི་རིག་གནས་ཉམས་ལེན་གསར་པ་མཁོ་འདོན་བྱས་ཡོད་པ་རེད།

    གྲོང་མི་བཟང་པོའི་ཁྱིམ་ཚང་ནི་གྲོང་རྡལ་གྱི་ཡུལ་སྐོར་ཚོད་ལྟའི་ཞིང་དུད་ཡིན་པའི་ངོས་ནས། ཁོང་གིས་ཁྱིམ་དུ་ཁང་མིག་3དང་ཉལ་ཁྲི་6བཀོད་སྒྲིག་བྱས་ནས་བོད་རིགས་ཀྱི་གྲོང་སྡེའི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་རྩིས་ཡོད། བཟང་པོའི་ཁང་པ་ནི་བོད་ཤར་རྒྱུད་ཀྱི་ཁང་པའི་བཟོ་ལྟ་ཡིན་ལ་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཞིག་རེད། ཁང་པའི་གྱང་ངོས་དང་ཐོག་ཁེབས་ཚང་མར་པང་ལེབ་བཏིང་བ་མ་ཟད་བཀྲག་མདངས་འཚེར་བའི་ཚོན་མདངས་ཀྱིས་རི་ཆུ་དང་། རྩྭ་རྩི་ཤིང་། བཀྲ་ཤིས་རྟགས་བརྒྱད་སོགས་སྣ་མང་ཕུན་སུམ་ཚོགས་པའི་རི་མོས་བརྒྱན་པས་ཁང་པ་ཡོངས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད་པ་རེད།

    “དེ་སྔོན་ཆར་དུས་སླེབས་རིམ་བཞིན་སྲང་ལམ་འདམ་རྫབ་ཀྱིས་ཁེངས་པ་དང་གང་སར་ལྕི་བ་དང་བྱ་བྲུན་སོགས་ཀྱིས་ཁེངས་ཀྱི་ཡོད། འོན་ཀྱང་ད་ལྟ་མི་ཕྱུགས་ལོགས་དབྱེ་བྱས་པ་དང་གྲོང་ཚོ་ཡོངས་སུ་འཐུང་ཆུ་དང་བཙོག་ཆུ་ཕྱིར་འབུད་ཀྱི་མདོང་ལམ་བཏིང་བས། གྲོང་སྡེ་མཛེས་སུ་ཕྱིན་པ་མ་ཟད་གྲོང་ཚོར་ཡུལ་སྐོར་སྤྲོ་གསེང་ལ་ཡོང་བའི་ཡུལ་སྐོར་བ་ཡང་རིམ་གྱིས་མང་དུ་ཕྱིན་ཞིང་། ངའི་ཁྱིམ་གྱི་ཐོག་སོ་དང་པོའི་ཚོམས་ཆེན་དུ་ཡུལ་སྐོར་བ་30ལྷག་ཙམ་གཤོང་གི་ཡོད”ཅེས་བཟང་པོས་དགའ་སྤྲོའི་ངང་བཤད།

    རོང་མེ་གྲོང་རྡལ་དུ་ལོ་བརྒྱའི་གྲོང་སྡེའི་ཡུལ་སྐོར་ཐོན་ཁུངས་ཕུད། གྲོང་རྡལ་ཡོངས་སུ་ད་དུང་གྲུ་ཁ་ཟམ་ཆེན་གྱི་དྲན་གསོའི་རྡོ་རིང་དང་། འབའ་སྤང་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་། རོང་མེའི་སྔོན་གཤེགས་དཔའ་བོའི་སྐྱེད་ཚལ་སོགས་རྩ་ཆེའི་གསར་བརྗེའི་རྗེས་ཤུལ་ཁག་གཅིག་ཀྱང་སོར་འཇོག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།