དབུ་ཤོག>ཞིང་འབྲོག་གསར་པ།
  • ལུག་གསོ་ཚགས་ཡག་པོ་བྱས། དམངས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-26

    ཉེ་ཆར། ས་སྐྱ་རྫོང་མོ་ལྷ་ཤང་བྲག་དམར་གྲོང་ཚོ་དང་མདའ་རྐྱང་གྲོང་ཚོ་གཉིས་ཀྱི་ཡུལ་མིའི་ངོ་གདོང་ལས་འཛུམ་མདངས་རབ་ཏུ་འཕྱུར་བཞིན་ཤང་གི་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་གི་ལོ་མཇུག་གི་ཁེ་སྤོགས་བགོ་བའི་མཛད་སྒོར་ཞུགས་པ་རེད།

    གྲོང་ཚོ་གཉིས་པོའི་ལས་བྱེད་པའི་ལྟ་སྐུལ་འོག མ་རྐང་ནང་ཞུགས་མཁན་ཧྲེ་ཡོན་གྱིས་གོ་རིམ་ལྡན་པའི་ངང་མིང་རྟགས་འགོད་པ་དང་། མཛུབ་ཐེལ་རྒྱག་པ། དངུལ་ལེན་པ་བཅས་བྱས་པ་དང་། ཁྱོན་ཁེ་སྤོགས་སྒོར་ཁྲི་68.7བགོ་བཤའ་བརྒྱབ་པ་རེད། དེའི་ནང་བྲག་དམར་གྲོང་ཚོའི་ཡུལ་མི་སྤེན་པ་དབང་འདུས་ལ་ཁེ་སྤོགས་སྒོར་7086རག་པས་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་དང་། འདི་ནི་སྤེན་པ་དབང་འདུས་ལ་མཉམ་ལས་ཁང་གི་ཁེ་སྤོགས་རག་ཐེངས་གསུམ་པ་དེ་རེད།

    སྤེན་པ་དབང་འདུས་ཀྱིས“དེ་སྔོན་ང་ལ་ལུག་84ཡོད། ལོ་གཅིག་དུས་བཞིར་མི་གཅིག་ལུག་འཚོ་བར་འགྲོ་དགོས་པ་དང་། ལྷག་པར་དུ་ལུ་གུ་སྐྱེ་གསོའི་ནམ་དུས་ལ་མི་གཅིག་ཆེད་མངགས་ལུ་གུ་དེ་དག་ལ་ལྟ་སྐྱོང་བྱེད་པར་འགྲོ་དགོས་ཀྱི་ཡོད། ལོ་རེའི་ཟླ་12པ་ནས་ཕྱི་ལོའི་ཟླ་5པ་བར་ད་དུང་རྟག་ཏུ་རི་ལ་གཟན་རྩྭ་སྐྱེལ་བར་འགྲོ་དགོས་ཀྱི་ཡོད། དེ་བས་ཤོད་མི་དགོས་པ་ནི་སྐྱས་སྤོ་བ་དང་། ལུག་བལ་འབྲེག་པ། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ལ་དུས་ཚོད་དང་ནུས་ཤུགས་མང་པོ་འདོན་དགོས་པས་དོན་དག་གཞན་དག་བློ་བདེ་པོས་སྒྲུབ་ཐབས་མི་འདུག”ཅེས་ངོ་སྤྲོད་བྱས་པ་རེད།

    རང་ཁྱིམ་གྱི་གཟན་རྩྭ་འདེབས་ཁྱོན་ཆེན་པོ་མེད་པར་བརྟེན། ལོ་ལྟར་གཟན་རྩྭ་དཀོན་པའི་དགུན་དཔྱིད་ནམ་དུས་འཆར་རིམ་བཞིན་ད་དུང་སྤེན་པ་དབང་འདུས་གང་སར་གཟན་རྩྭ་ཉོ་བར་འགྲོ་དགོས་ཀྱི་ཡོད་པ་རེད།

    “ལོ་གཅིག་ལ་ལུག་5བཤས་བཏང་བར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ཡོད། གཟན་རྩྭ་ཉོ་བའི་འགྲོ་གྲོན་དང་ལས་མིའི་གླ་ཆ་ཕུད་ཚེ་ཡོང་འབབ་དེ་ཙམ་མང་པོ་མེད”ཅེས་སྤེན་པ་དབང་འདུས་ཀྱིས་དབུགས་རིང་གཏོང་བཞིན་བརྗོད།

    དུས་ཡུན་རིང་པོའི་ནང་། སྤེན་པ་དབང་འདུས་དང་འདྲ་བའི་མོ་ལྷ་ཤང་གི་མང་ཚོགས་མང་པོས་སྲོལ་རྒྱུན་གྱི་རགས་ལས་རྣམ་པའི་གསོ་ཚགས་བྱས་པས། གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་མེད་པ་མ་ཟད། ད་དུང་རྩྭ་ར་ཞན་འགྱུར་གྱི་སྣང་ཚུལ་ཐོན་ཡོད། སྲོལ་རྒྱུན་གྱི་འབྲོག་ལས་གཉེར་སྐྱོང་དོ་དམ་བྱེད་སྟངས་ལེགས་སུ་བཏང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཡོང་བར་བྱ་ཆེད། 2019ལོར་མོ་ལྷ་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་བྲག་དམར་གྲོང་ཚོ་དང་མདའ་རྐྱང་གྲོང་ཚོའི་འབྲོག་ལས་གྲོང་ཚོ་གཉིས་པོས་ལུག་གསོ་ཚགས་མཉམ་ལས་ཁང་མཉམ་དུ་འཛུགས་རྒྱུའི་ཐག་བཅད་པ་རེད།

    མཉམ་ལས་ཁང་གིས“ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད། ཁེ་ལས་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་ཐབས་སྤྱད་དེ། མང་ཚོགས་ཀྱིས་ལུག་དང་། དངུལ་སྨར། རྩྭ་ར་སོགས་ལ་བརྟེན་ནས་མ་རྐང་དང་མཉམ་ལས་ཁང་ལ་ཞུགས་པར་བསྔགས་སྐུལ་ཧུར་ཐག་བྱས་པ་རེད། ལོ་དང་པོར་མཉམ་ལས་ཁང་ལ་ཞུགས་པའི་མང་ཚོགས་དུད་ཚང་114ཡི་མི་608ཟིན་པ་དང་། མ་རྐང་ལ་ཞུགས་པའི་ལུག་7666ཟིན་པ། མ་རྐང་ལ་ཞུགས་པའི་གྲོང་ཚོ་མཉམ་སྡེབ་ཀྱི་དངུལ་སྒོར་ཁྲི་80ཟིན་པ། ནང་བཤུག་བཏང་བའི་རྩྭ་ར་མུའུ་ཁྲི་18.3ཟིན་ཡོད་པ་རེད། སྤེན་པ་དབང་འདུས་ཁྱིམ་གྱི་ལུག་84ཚང་མ་མ་རྐང་ལ་ཞུགས་པ་རེད།

    གསོ་ཚགས་གཞི་ཁྱོན་ཟམ་མི་ཆད་པ་ཆེ་རུ་ཕྱིན་པ་དང་བསྟུན་ནས་མཉམ་ལས་ཁང་གིས་ད་དུང་ཁྲོམ་ར་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་གཟན་རྩྭའི་ཡོང་ཁུངས་དང་། ཐོན་རྫས་ཀྱི་སྤུས་ཚད། བྲིན་ཚོང་ཐབས་ལམ་སོགས་ཀྱི་ཐད་ལས་དོན་ཧུར་ཐག་བསྒྲུབས་ནས་ཚན་རིག་དང་མཐུན་པའི་གཉེར་སྐྱོང་མ་ལག་དང“ཐོན་སྐྱེད་དང་། མཁོ་སྤྲོད། ཕྱིར་ཚོང”བཅས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་འཁོར་འབྲེལ་ཆགས་པར་བྱས་ཡོད།

    བྲག་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་དང་མཉམ་ལས་ཁང་གི་ལས་འཛིན་ཀྲང་རྒོད་སྐྱེས་ཀྱིས། 2019ལོ་ནས་བཟུང་། མཉམ་ལས་ཁང་གིས་ས་ཞིང་མུའུ་1000ནང་བཤུག་བཏང་ནས་གཟན་རྩྭ་བཏབ་པ་དང་འབྲེལ། གཞིས་རྩེ་གྲོང་ཁྱེར་གྱི་སྣེ་འདྲེན་ཁེ་ལས་དང་སྦྲེལ་མཐུད་བྱས་ནས་གཟན་རྩྭ་མཁོ་སྤྲོད་བྱས་པས་གཟན་རྩྭ་མཁོ་སྤྲོད་འགན་ལེན་ཐུབ་པ་དང་། ཐོན་སྐྱེད་མ་གནས་དམའ་རུ་ཕྱིན་པ། འབྲོག་ལས་ཐོན་རྫས་ཀྱི་སྤུས་ཀ་འགན་ལེན་ཐུབ་པ་བཅས་བྱུང་ནས། ལུ་གུ་བརྒྱུད་འབྲེལ་གྱི་ཐོན་ལས་འཁོར་འབྲེལ་ཆགས་པ་དང་འབྲེལ་ས་གནས་དེ་གའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་ཀྱི་སྤུས་རྟགས་ཀྱང་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལོ་གསུམ་རིང་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱས་པ་བརྒྱུད། མཉམ་ལས་ཁང་ལ་ཞུགས་པའི་མོ་ལྷ་ཤང་གི་མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.8བྱུང་བ་དང་། རང་བྱུང་རྩྭ་ར་མུའུ་ཁྲི་6.339ལ་ཕྱུགས་འཚོ་མཚམས་བཞག་པས། རང་བྱུང་རྩྭ་ར་ཞན་འགྱུར་དང་བྱེ་འགྱུར་སྔོན་འགོག་ནུས་ལྡན་ཐུབ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།

    མཉམ་ལས་ཁང་བཙུགས་པ་ལས་མོ་ལྷ་ཤང་གི་མང་ཚོགས་ཀྱི་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། ངལ་རྩོལ་ནུས་ཤུགས་ལྷག་མར་བཅིངས་འགྲོལ་ཐུབ་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་དེ་བས་རྒྱ་ཆེར་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།