དབུ་ཤོག>ཞིང་འབྲོག་གསར་པ།
  • ​ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོས་གྲོང་དར་དམངས་ཕྱུག་གི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་བར་གྱུར་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-17

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོས“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ“ཐོན་ལས་དར་བ་དང་། སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ཕན་ཆེ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཐོན་ལས་དར་བ་དང་། གྲོང་གསེབ་མཛེས་པ། གྲོང་མི་ཕྱུག་པ་བཅས་ཡོང་བའི་གྲོང་གསེབ་དར་རྒྱས་ཀྱི་མདུན་སྐྱོད་དུང་བརྡ་བསྒྲགས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་གཏོད་བཞིན་ཡོད།

    ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ།

    སེམས་ནུས་ཡོད་རྒུས་གཅིག་སེམས་གཅིག་སྒྲིལ་ཡོང་བར་བྱས་པ།

    ཉེ་ཆར་གསར་འགོད་པ་དཔལ་སྡིངས་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་སྐྱོད་སྐབས། མང་ཚོཌ་ཀྱི་ཁེ་ཕན་ཐད་དོན་ཆུང་མེད་ལ་དམངས་ཕན་ཞབས་འདེགས་ལ་རྫོགས་མཐའ་མེད་ཅེས་ཚོན་མདོག་དམར་པོས་བྲིས་པའི་ཡིག་འབྲུ་ཆེན་པོ་འགའ་མིག་ལམ་ལ་གསལ་ལེར་མངོན་འོང་། ལས་དོན་མི་སྣས་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་མི་རེ་ངོ་རེར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྲོ་སེམས་ཆེན་པོས་དམངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་རྩོམ་བཞིན་ཡོད། དཔལ་སྡིངས་གྲོང་ཚོའི་ཨུ་ལྷན་གྱི་ཚོགས་ཁང་དུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་རྣམས་མཉམ་དུ་སྒོར་སྒོར་བྱས་ནས་བསྡད་དེ་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད།

    “ངང་པའི་རྒྱལ་པོས་མདུན་དུ་འཕུར་ནས་ནམ་མཁའ་མཐོན་པོར་སྙེག མཉན་དཔོན་བཟང་པོས་བཀོད་པ་བཏང་སྟེ་གྲུ་ཆེན་བདེ་བར་བགྲོད” སྔར་ནས་བཟུང་དཔལ་སྡིངས་གྲོང་ཚོས་གཞི་རིམ་ཏང་འཛུཌ་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་གྲོང་ཚོའི་ཁྱབ་ཁོངས་དང་ལྷུ་ཚིགས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོཌ་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས། མང་ཚོཌ་ཀྱིས་གང་ལ་བསམ་བློ་གཏོང་བ་དང་རེ་ལྟོས་བྱེད་པ་དུས་ཐོག་ཏུ་ཤེས་རྟོཌ། ཏང་རྩ་འཛུཌ་ཀྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་བཅས་བྱས་པ་བརྒྱུད། ཏང་གི་གཞི་རིམ་རྩ་འཛུཌ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཡུལ་ས་གཙོ་བོ་དང་། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བྱེད་པའི་ཐབས་ལམ་གཙོ་བོ། གྲོང་གསེབ་དར་རྒྱས་མགྱོགས་མྱུར་ཡོང་བའི་གཙོ་ཤུགས་དམག་བཅས་སུ་གྱུར་ནས་ལས་བྱེད་པ་དང་མང་ཚོགས་རྣམས་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་རླབས་པོ་ཆེར་ཧུར་ཐག་ཞུགས་ཏེ་ཕྱར་བ་གྲུ་འདེགས་ངང་ལས་སྒྲུབ་ལས་གཏོད་ཐད་གཅིག་སེམས་གཅིག་སྒྲིལ་ཡོང་བར་བྱས་ཡོད།

    “གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིའི་ངོས་ནས་གཞི་རིམ་ཏང་རྩ་འཛུཌ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི‘སྲོག་ཤིང’ཡིན་པ་ངས་གསལ་པོ་ཤེས་ཀྱི་ཡོད། སླད་ཕྱིན་ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་དང་མངཌ་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་དང་ངར་ཤུཌ་ཆེན་པོར་བརྟེན་ནས་མང་ཚོཌ་རྣམས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་འབད་འབུངས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་དང་བྱ་སྤྱོད་དངོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཏེ་བསྐྱར་དར་རླབས་པོ་ཆེའི་ཕུཌ་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་དཔལ་སྡིངས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་སྒྲོལ་གྱིས་བརྗོད།

    ཐོན་ལས་སྔོན་ལ་ལག་བསྟར་བྱེད་པ།

    གྲོང་དར་དམངས་ཕྱུག་གི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་བ།

    གྲོང་གསེབ་དར་རྒྱས་ཡོང་བར་ཐོན་ལས་རྨང་གཞིར་འཛིན་དགོས། དཔལ་སྡིངས་གྲོང་ཚོས་གྲོང་ཚོའི་དོན་དངོས་ལ་གཞི་ཚུཌ་ནས་ཁྱད་ལྡན་ལེཌ་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་མི་རྣམས་སྒོ་འགྲམ་ནས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས། ལོ་མཇུག་ཏུ་གྲོང་མིར་བགོ་འགྲེམས་བྱུང་ལ་གྲོང་མིའི་འཚོ་བ་ཡང་ཉིན་རེ་བཞིན་ལེགས་སུ་ཕྱིན་སྟབས། མི་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་བཞིན་ཡོད། 2020ལོར་དཔལ་སྡིངས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་900ལྷག་ཙམ་ཟིན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་736གི་མང་ཚོགས་2337ལ་ཁེ་སྤོགས་སྒོར་ཁྲི་700ལྷག་ཙམ་བགོ་འགྲེམ་བྱེད་ཐུབ་ཡོད།

    གསར་འགོད་པ་དཔལ་སྡིངས་གྲོང་ཚོའི་གྲོང་ཚོ་རིམ་པའི་མཉམ་སྡེབ་ཐོན་ལས་ཏེ་ཁམས་བཟང་བྱེད་སྒོ་ལྟེ་གནས་སུ་སྐྱོད་སྐབས། སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་མིག་ལམ་དུ་འཕྲལ་མར་འཆར་འོངས། དེ་ནི་རོལ་རྩེད་བཟའ་བཏུང་དང་། ཡུལ་སྐོར་ལྗོངས་གཟིགས། སྐྱེ་ཁམས་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྤྲོ་གསེང་བྱ་ཡུལ་ཞིག་རེད། དཔལ་སྡིངས་གྲོང་ཚོས་ལྟེ་གནས་དེར་བརྟེན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས། གྲོང་མིའི་ཡོང་འབབ་འཕར་བ་དང་མཉམ་སྡེབ་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པའང་བསྣན་ཡོད།

    “དེ་སྔ་ནང་མིའི་འཚོ་བའི་ཆེད་དུ་ང་ལོ་ལྟར་ཕྱིར་གླ་པར་འགྲོ་གི་ཡོད། ཁང་གླ་དང་རྒྱུན་གཏན་གྱི་འཚོ་བའི་འགྲོ་སོང་འཐེན་ན་ལོ་གཅིག་གི་གླ་ཕོགས་ནས་ཧ་ལམ་ལྷག་གི་མི་འདུག” “ད་ཆ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་མིའི་འབབ་འཕར་ཐབས་ལམ་མང་དུ་སོང་ལ། ང་རང་ཡང་ཁམས་བཟང་བྱེད་སྒོ་ལྟེ་གནས་སུ་ལས་ཞུགས་ཐུབ་ནས་གཙོ་བོ་དོ་དམ་གྱི་འགན་ཁུར་གྱི་ཡོད། ད་ཆ་ལས་ཀ་གཏན་འཇགས་བྱུང་བ་དང་ཟླ་རེར་ཡོང་འབབ་སྒོར་6000ཙམ་ཡོད་པ་མ་ཟད། ནང་མིར་ཡང་ལྟ་རྟོག་བྱེད་ཐུབ་ཀྱི་འདུག དེང་གི་འཚོ་བ་ཡག་པོ་འདི་འདྲ་ཏང་གིས་གནང་བ་ཞིག་ཡིན་པས། ངས་ལས་ཀ་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་གི་ཡིན”ཞེས་དཔལ་སྡིངས་གྲོང་ཚོའི་གྲོང་མི་ཏུང་ཧྭ་ཡིས་གསར་འགོད་པར་བརྗོད།

    “དེ་སྔ་གྲོང་མིའི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་ནི་ཕྱིར་གླ་པ་རྒྱུག་པ་དང་ཞིང་ལས་བྱས་ནས་ཡོང་གི་ཡོད་པས་ཡོང་འབབ་ཧ་ཅང་ཉུང་ཉུང་རེད” “དཔལ་སྡིངས་གྲོང་ཚོའི་ཧྲུའུ་ཅི་དང་པོའི་ལས་འགན་ལྕི་པོ་ཡིན་པ་ངས་གསལ་པོ་ཤེས། ངས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་རང་འགན་གཙང་སྒྲུབ་བྱས་ཏེ‘སྣེ་ཁྲིད་པའི’ནུས་པ་གང་ལེགས་འདོན་པ་དང་ཆབས་ཅིག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་གི་ཡིན། མིག་སྔར་ང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས་གཙོ་བོ་ཡུལ་སྐོར་དང་། མེ་ཏོག་དང་། འདབ་ཆགས། ཉ་དང་འབུ་བཅས་ཀྱི་ཕྱོགས་བསྡུས་ཁྲོམ་ར། དཔལ་སྡིངས་གྲོང་ཚོའི་གྲོང་ཚོ་རིམ་པའི་རྩ་འཛུགས་རིག་གནས་ལྟེ་གནས། དབུལ་སྐྱོར་སྤྲོ་གསེང་གྲོང་ཚོ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་རྟེན་གྱི་ཡོད། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་་་མིན”ཞེས་དཔལ་སྡིངས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཚེ་རིང་འོད་ཟེར་གྱིས་བརྗོད།

    སྐྱེ་ཁམས་གནས་འཕྲོད་ཡོང་བར་བྱེད་པ།

    གྲོང་གསེབ་མཛེས་སྡུག་ལྡན་པར་གྱུར་པ།

    གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་སྐྱེ་ཁམས་གནས་འཕྲོད་ནི་འགག་རྩ་རེད། ཉེ་བའི་ལོ་ཤས་རིང་། དཔལ་སྡིངས་གྲོང་ཚོས་གྲོང་གསེབ་དང་། ལམ་ངོས། སྡོད་མལ་ཁོར་ཡུག་བཅས་ཆེད་དོན་བཅོས་སྒྲིག་གི་ལས་དོན་ཏན་ཏིག་སྤེལ་ནས་གྲོང་ཚོའི་རྣམ་པ་ཧ་ཅང་ལེགས་སུ་བཏང་བ་རེད། གྲོང་ཚོ་དེར་ཨར་འདམ་ལམ་བཏིང་བ་དང་། གྲོང་ཚོ་སྔོ་ལྗང་ཅན་དུ་བསྒྱུར་པ། གྲོང་ཚོའི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་ཆབས་ཅིག གྲོང་ཚོ་དེས་ད་དུང་ཞིང་ཁྱིམ་དཔེ་དེབ་ཁང་དང་། རིག་གནས་ཁང་། ལུས་སྦྱོང་བྱ་ཡུལ་བཅས་བསྐྲུན་ནས་རྟག་ཏུ་རིག་གནས་ཀྱི་རོལ་རྩེད་བྱེད་སྒོ་སྣ་ཚོགས་སྤེལ་བ་དེས་ཡུལ་མི་རྣམས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་བྱུང་ནས་ཡུལ་མི་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    གསར་འགོད་པ་དཔལ་སྡིངས་གྲོང་ཚོར་སྐྱོད་སྐབས། ལྗོན་ཤིང་སྔོ་ཐིང་ངེར་སྐྱེས་པ་དང་། མེ་ཏོག་རབ་ཏུ་བཞད་པ། མཛེས་ལ་གཙང་སྦྲ་དོད་པ་བཅས་ཀྱི་བོད་བཟོའི་ཁང་པ་སྟར་པ་མང་པོ་བསྐྲུན་ཡོད་པ་མཐོང་བྱུང་། ཁང་པའི་རྒྱབ་མདུན་གང་སར་རྒན་རྒོན་ཚོ་བག་ཕེབས་ངང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་ཕྲུ་གུ་ཚོ་རྩེད་འཇོར་རོལ་བ་སོགས་རང་རང་སོ་སོའི་སྤྲོ་སྣང་ལ་ངང་གིས་འཇུག་སྟེ་གྲོང་མི་ཚོའི་ངོ་གདོང་ནས་ཐོབ་སྣང་དང་སྐྱིད་སྣང་ཞིག་མངོན་བཞིན་འདུག

    ས་སྲོད་ཀྱི་མཚམས་སུ་དཔལ་སྡིངས་གྲོང་ཚོའི་མང་ཚོགས་སྐྲ་བཟང་དང་ཁྱིམ་མི་ཚོ་རང་ཁྱིམ་གྱི་སྒོ་འགྲམ་དུ་འཆམ་འཆམ་དུ་བསྐྱོད་དེ་ཁྱིམ་མི་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་བཞིན་མཆིས།

    སྐྲ་བཟང་གིས“ད་ཆ་གྲོང་ཚོའི་ཁོར་ཡུག་མཛེས་ཤིང་་འགྲོ་ལམ་རྒྱ་ཆེར་ཕྱིན་པས་ཚ་བོ་ཁྲིད་དེ་ཕྱིར་འཆམ་འཆམ་དུ་སྐྱོད་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག ཏང་དང་སྲིད་གཞུང་གི་ཐུཌ་ཁུར་དང་གཟིགས་སྐྱོང་འོག་ང་ཚོའི་ད་ལྟའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་བརྗོད།

    “མང་ཚོཌ་ཕྱུག་པོ་ཆགས་མིན་དེ་འགོ་ཁྲིད་ལ་རག་ལུས་ཡོད” དཔལ་སྡིངས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག་དཔལ་སྡིངས་གྲོང་ཚོའི་བྱ་གཞག་ཁག་ཆར་རྗེས་སུ་མྱུ་གུ་འབུས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་པ་སྟེ། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ། གྲོང་ཁྱེར་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུཌ་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།

    ད་ཆ་དཔལ་སྡིངས་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་འགྲོ་ལམ་ཡངས་ཤིང་ཁོད་སྙོམས་པ་དང་། སྡོད་ཁང་གྲལ་འགྲིག་ལ་བཀོད་པ་ལེགས་པ། ཡུལ་མི་ཚོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་ནས་འཚོ་སྡོད་དང་ལས་ཀར་འཚམ་པའི་དམངས་ཕྱུག་གི་འཕེལ་རྒྱས་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།