དབུ་ཤོག>ཞིང་འབྲོག་གསར་པ།
  • རིན་སྤུངས་རྫོང་བྲག་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་ཞུགས་མང་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞིར་བརྩིས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-21

    ཉིན་དགུང་ཡོལ་ཙམ་ལ། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྲག་པ་གྲོང་ཚོའི་གྲོང་མི་ཁ་ཤས་ཀྱིས་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཐད་ཀར་བསྐྱོད་དེ་ཕྱིར་གླ་པར་བསྐྱོད་རྒྱུའི་གནས་ཚུལ་སྐད་ཆ་འདྲི་བར་ཕྱིན།

    མིག་སྔར་ཚང་མ་ཞིང་ལས་མཇུག་འགྲིལ་བས་དུས་ཡུན་རིང་ཙམ་གྱི་ལས་ཀ་ཞིག་བཙལ་ཏེ་ཁྱིམ་ལ་དངུལ་ཕྲན་བུ་གསོག་ཐབས་བྱེད་ཀྱི་ཡོད། བྲག་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཚེ་རིང་དབང་འདུས་ཀྱིས་འབྲེལ་ཡོད་ཡིག་ཆ་བཏོན་ནས་གྲོང་མིར་ངོ་སྤྲོད་ཞིབ་ཕྲ་བྱས།

    མཉམ་ལས་ཁང་བརྒྱུད་ནས་ཕྱིར་གླ་པར་སྐྱོད་པ་ནི་བྲག་པ་གྲོང་ཚོའི་ངོས་ནས་བརྗོད་ན་གནས་ཚུལ་གསར་པ་ཞིག་མིན། 2019ལོའི་ཟླ་7པར་མཉམ་ལས་ཁང་བཙུགས་རྗེས་གྲོང་ཚོའི་ནང་གི་མི་ཁག་གཅིག་མཉམ་ལས་ཁང་བརྒྱུད་དེ་ཕྱིར་ལས་ཞུགས་ཐུབ་ཡོད། ལོ་གཅིག་ལྷག་ཙམ་གཉེར་སྐྱོང་བྱས་པ་བརྒྱུད་གྲོང་ཚོའི་ནང་རང་ཉིད་ཀྱིས་ཕྱིར་ལས་ཀ་འཚོལ་མཁན་ཇེ་མང་དུ་སོང་ཡོད། འདི་ལོའི་ཟླ་4པར་བྲག་པ་གྲོང་ཚོར་བཅའ་སྡོད་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རེས་སྐོར་གསར་པའི་ལས་དོན་རུ་ཁག་གིས་རྒྱུན་གཏན་གྱི་བཅར་འདྲི་བྱེད་སྐབས། གྲོང་ཚོར“ལས་རིགས་གཅིག་པ་ཡིན་ཡང་ཡོང་འབབ་ཐད་ཧེ་བག་མངོན་གསལ་དོད་པོ་ཡོད་པའི་སྣང་ཚུལ”ཤེས། དེའི་རྒྱུ་མཚན་ནི་མི་སྒེར་གྱི་ལག་རྩལ་ལ་ཧེ་བག་ཡོད་པ་ཕུད། ངལ་ནུས་ཕྱིར་གཏོང་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ནུས་པ་མངོན་གསལ་དོད་པོ་འདོན་མི་ཐུབ་པས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་དེ་བས་ཡག་པོ་བྱེད་ཐབས་བྲལ་བས་རེད།

    “རང་ཉིད་ཕྱིར་གླ་པར་འགྲོ་བ་དང་མི་འདྲ་བར་མཉམ་ལས་ཁང་གིས་ལས་མི་སྒྲིག་འཛུགས་བྱས་ནས་ཕྱིར་གླ་པར་བཏང་ཚེ། ལས་མི་མང་ཚོགས་ལ་འགན་ལེན་དེ་བས་ལེགས་པ་བྱེད་ཐུབ”ཅེས་བྲག་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པའེ་ཡུང་གིས་བརྗོད་པ་དང་། ཁོང་གིས་གྲོང་ཚོའི་མི་མི་ཉུང་བ་ཞིག་གིས་ལག་རྩལ་སྣ་གཅིག་ཤེས་ཀྱི་ཡོད་པ་སྟེ། དཔེར་ན། ཤིང་བཟོ་ཤེས་པ་དང་བརྐོ་འདྲུའི་འཕྲུལ་འཁོར་གཏོང་ཤེས་པ་གྲོང་ཚོ་ཡོངས་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་མཉམ་ལས་ཁང་གི་ནུས་པ་ནུས་ལྡན་འདོན་མི་ཐུབ་པའི་དབང་གིས་ལེགས་ཆ་འདི་རིགས་ཉམས་ཞན་དུ་སོང་ཡོད་ཅེས་བརྗོད།

    དོན་དེར་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་གཉིས་ལ་གཞོགས་འདེགས་བྱས་ཏེ། གྲོང་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ནས་སྒྲིག་སྲོལ་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་ནས་འགོ་བཙུགས་ཏེ། ངལ་རྩོལ་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་འབྲེལ། ལས་མི་བཀོལ་སྤྱོད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བསྡུ་རུབ་དང་། ལེགས་སྒྲིག ཡོངས་བསྒྲགས་བཅས་བྱས་ཏེ་ལས་ཀ་འཚོལ་མཁན་གྱི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱས་པ་དང་། མཉམ་ལས་ཁང་ལ“སྒྱུར་བཀོད་རིམ་པ་སྤར”ཡོད།

    “མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་བསམ་གཞིག་བྱས་ནས་ང་ཚོས་ཤང་གི་ཁེ་ལས་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁག་གཅིག་དང་ལས་མི་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་སྟེ། མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་ལས་ཞུགས་ཀྱི་གན་རྒྱ་འཇོག་པའི་དུས་བཀག་བཟོས་པས། ཚང་མ་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྟབས་བདེ་བྱུང་ཡོད”ཅེས་ཚེ་རིང་དབང་འདུས་ཀྱིས་བརྗོད། འདི་ལོའི་ཟླ་9པའི་བར་བྲག་པ་གྲོང་ཚོས་ངལ་ནུས་ལྷག་མ187ལས་ཞུགས་གཞན་སྒྱུར་བྱས་པས་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་400ལྷག་ཙམ་འཕར་ཡོད།

    ངལ་ནུས་ཕྱིར་གཏོང་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་དུ་བཏང་བ་དེས། ཞིང་པ་ཐག་ཉེ་སར་ལས་ཀ་ཐུབ་རྒྱུར་ལས་སྟེགས་བསྐྲུན་པ་མ་ཟད། མི་སྤྱོད་ཚན་པ་དང་ངལ་རྩོལ་པའི་དབར་མཉམ་འགུལ་བཟང་པོ་ཞིག་ཆགས་པར་འདེགས་སྐྱོར་ཡང་བྱས་ཡོད།

    “མིག་སྔར་ང་ཚོས་གོང་རིམ་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ལས་རིགས་རྩལ་ནུས་མཐོར་གཏོང་གི་ལས་དོན་སྤེལ་བཞིན་ཡོད། ལས་ཞུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བ་དང་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཐོན་པའི་བརྩོན་ལེན་བྱེད་བཞིན་ཡོད”ཅེས་པའེ་ཡུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།