དབུ་ཤོག>ཞིང་འབྲོག་གསར་པ།
  • དམངས་ཕན་མཛའ་གཅུགས་གསེར་ཟམ་གྱིས་། འབྱོར་འབྲིང་ལམ་གྱི་འགག་གནད་སེལ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-12

    “ཟམ་ཆུང་ལས་གྲྭ”ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་དམངས་འཚོའི་ལས་གྲྭ་ཞིག་ཡིན་ཞིང་། 2020ལོ་ནས་བཟུང་ལག་ལེན་བསྟར་བ་དང་ལོ་གསུམ་ནང་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་ཁུལ་དུ་དམངས་ཕན་གྱི“ཟམ་ཆུང”100བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱི་སྒོ་འགྲམ་དུ་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་བྱས་ནས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་1.46དང་མི་གྲངས་ཁྲི་5.6ལ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་སྟབས། ས་གནས་དེ་གའི་མང་ཚོགས་ཀྱིས“བདེ་སྐྱིད་ཟམ་པ”དང“སེམས་སྦྲེལ་ཟམ་པ”“མཐུན་སྒྲིལ་ཟམ་པ”ཞེས་བརྗོད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཟམ་ཆུང་ལས་གྲྭའི”རྒྱུ་ཆ་བཟོ་གྲྭར་སྔོན་མངགས་བྱེད་ཐབས་སྤྱད་དེ་གཅིག་གྱུར་ཐོག་ཇུས་འགོད་དང་ཨར་ལས་བྱས་པས་འཛུགས་སྐྲུན་གྱི་མ་གནས་དམའ་རུ་ཕྱིན་པ་དང་འཛུགས་སྐྲུན་གྱི་དུས་འཁོར་ཐུང་དུ་ཕྱིན་ཡོད། སྔོན་མངགས་སྒྲིག་སྦྱོར་བྱེད་ཐབས་སྤྱད་པའི་ཟམ་པ་དེ་རིགས་ཟམ་ཞེང་ཅུང་ཆེ་བ་དང་། ཟམ་ངོས་ཅུང་ཡངས་བ། མཐོ་ཚད་ཅུང་མཐོ་བ་བཅས་ཡོད་པས་མི་དང་། ཕྱུགས་ཟོག རླངས་འཁོར་བཅས་ཚང་མ་སྐྱོད་ཆོག་ལ་བདེ་འཇགས་ཡང་ཆེན་པོ་ལྡན་ཡོད།

    མལ་གྲོ་གུང་དཀར་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་བློ་བཟང་རྡོ་རྗེས“ཞིང་འབྲོག་མང་ཚོགས་ཀྱི་རེ་སྒུག་ཆེན་པོའི་ཁྲོད‘ཟམ་ཆུང་ལས་གྲྭ’དུས་ཐེངས་གཉིས་པའི་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་དང་འབྲེལ། ཚ་ཚ་འུར་འུར་ངང་ལས་འགོ་ཚུགས་ཡོད། འདི་ལོ་ཟམ་ཆུང་ཁག་40བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱ་རྩིས་ཡོད”ཅེས་དང་། ཁོང་གིས“ཟམ་ཆུང་ལས་གྲྭའི”དུས་ཐེངས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཟམ་ཆུང་ཁག་40གསར་སྐྲུན་བྱ་རྒྱུ་མ་ཟད། འདི་ལོའི་ཟླ་9པའི་ཟླ་མཇུག་ཏུ་ལས་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན། འདི་ལོའི་ཟླ་12པར་ལས་མཇུག་བསྒྲིལ་ནས་བེད་སྤྱོད་བྱ་རྒྱུ་ཡིན་པས། ཞིང་འབྲོག་མང་ཚོགས་དུད་ཚང་2912དང་མང་ཚོགས་ཁྲི་1.4ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།

    གསར་འགོད་པར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་ལྷ་ལུང་ཚོགས་ཆུང་ནས་མཐོང་གསལ། ཕྱུགས་འཚོ་སའི་རྩྭ་རའི་འགྲམ་དུ་ཞེང་ཚད་སྨི་5.5དང་རིང་ཚད་སྨི་6ཟིན་པའི་སྒྲིག་སྦྱོར་རྣམ་པའི་ཨར་འདམ་ཟམ་པ་གཅིག་བརྒྱབ་ནས་མི་དང་རླངས་འཁོར་ཕྱུགས་ཟོག་བཅས་ལ་སྟབས་བདེ་བསྐྲུན་ཡོད། འོན་ཀྱང་ན་ནིང་ཟླ་10པའི་གོང་དུ་དེ་གར་ཤིང་ཟམ་གུ་དོག་པོ་གཅིག་ལས་མེད་ལ། ལོ་མང་རིང་ཉམས་བཟོ་མ་བྱུང་བའི་རྐྱེན་གྱིས་བདེ་འཇགས་དེ་ཙམ་གྱི་ཡག་པོ་མེད། གོང་དཀར་གྲོང་རྡལ་གོང་དཀར་གྲོང་ཚོའི་གྲོང་མི་བློ་བཟང་ཟླ་བ་ནི“ཟམ་ཆུང་ལས་གྲྭའི”དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ཕན་པ་ཐོབ་མཁན་མང་ཚོགས་ཀྱི་གྲས་ཤིག་རེད།

    “སྔོན་ཆད་ཤིང་ཟམ་གྱི་འཁྱོག་ནུས་དེ་ཙམ་ཆེན་པོ་མེད་པ་མ་ཟད། དབྱར་དུས་ཆུ་ཆེ་བའི་སྐབས་སུ་ཆུ་ལོག་གིས་འཁྱེར་ཉེན་ཆེན་པོ་ཡོད། ཨར་འདམ་གྱི་ཟམ་པ་བསྐྲུན་པ་ནས་བཟུང་ང་ཚོར་སྟབས་ཧ་ཅང་བདེ་པོ་བྱུང”ཞེས་བློ་བཟང་ཟླ་བས་བརྗོད་པ་དང་། ཁོང་གིས“དུས་ཐེངས་དང་པོའི‘ཟམ་ཆུང་ལས་གྲྭ’སྐྲུན་རིང་ང་ཚོའི་གུང་དཀར་གྲོང་ཚོ་ལྷ་ལུང་ཚོགས་ཆུང་ལ་ཟམ་པ་གཉིས་བསྐྲུན་ཡོད་པས། ང་ཚོས་སེམས་གཏིང་ནས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ཁ་གཏད་བོད་སྐྱོར་གྱི་ནན་ཅིང་གྲོང་ཁྱེར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆབ་དགའ་ཚོགས་ཆུང་དུ་སྐྲུན་བཞིན་པའི་དུས་ཐེངས་གཉིས་པའི‘ཟམ་ཆུང་ལས་གྲྭའི’གྲས་ཀྱི་རྣམ་གྲངས་གསར་སྐྲུན་བྱེད་བཞིན་ཡོད་པས་དེས་མང་ཚོགས་ཀྱི་འགྲོ་སྐྱོད་འགན་ལེན་ཐུབ་པས་ང་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་དགའ་ཚོར་ཆེན་པོའི་ངང་བརྗོད།

    “ཟམ་ཆུང་ལས་གྲྭ”ཡི་ཨར་རྒྱག་ཚན་པའི་འགན་འཁུར་བས་གསར་འགོད་པར་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ཟམ་ཆུང་གི་མཛེས་ཆོས་ལ་བསམ་གཞིག་གང་ལེགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་དང་མཉམ་འདྲེས་ཐུབ་རྒྱུར་འབད་བརྩོན་ཆེན་པོ་བྱས་ནས་སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མཐུན་སྦྱོར་གཅིག་མཐུན་ཡོང་བར་བྱས་ཡོད། “ང་ཚོའི་ཀུང་སིས་རྒྱལ་ཁབ་ལས་གྲྭ་འཛུགས་སྐྲུན་གྱི་ལག་རྩལ་ཚད་གཞི་དང་འབྲེལ་ཡོད་ཀྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་དཔེ་རིས་བཞིན་ཨར་སྐྲུན་བྱས་ཏེ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་བ་དང་སྤུས་ཚད་བདེ་འཇགས་དང་ཨར་རྒྱག་གི་བདེ་འཇགས་འགན་ལེན་ཧུར་ཐག་བྱས་ཏེ། ཟླ་12པར་ཕྱོགས་ཡོངས་ནས་ལས་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཨར་རྒྱག་ཚན་པའི་འགན་འཁུར་བ་ཀྲང་པིན་གྱིས་བཤད།

    གསར་འགོད་པ་ཨར་རྒྱག་ཚན་པའི་འགན་འཁུར་བ་དང་མཉམ་དུ་བཀྲ་ཤིས་སྒང་ཤང་རིན་ཆེན་གླིང་གྲོང་ཚོར་སྐྱོད་སྐབས་གྲོང་ཚོ་དེའི“ཟམ་ཆུང་ལས་གྲྭ”ཡི་ཟམ་སྣེ་དང་ཟམ་ངོས་ཡོངས་སུ་བསྐྲུན་ཟིན་ནས་བཟོ་པས་ཟམ་ངོས་བརྟན་དུ་གཏོང་བཞིན་ཡོད་པ་མཐོང་བྱུང་། “ང་ཚོའི་གྲོང་ཚོ‘ཟམ་ཆུང་ལས་གྲྭའི’དུས་ཐེངས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་སུ་བཅུག་པས་གྲོང་མི་ཚོས་དགའ་ཚོར་ཆེན་པོ་བྱེད་ལ་སྲིད་གཞུང་གི་ཐུགས་ཁུར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད”ཅེས་གྲོང་མི་སྐལ་བཟང་ཆོས་སྒྲོན་གྱིས་བཤད།

    “ཟམ་ཆུང་ལས་གྲྭ”ནི་དམངས་འཚོའི་ལས་གྲྭ་ཞིག་ཡིན་ལ། གསར་གཏོད་ལས་གྲྭ་ཞིག་ཀྱང་ཡིན་སྟབས་ཆུང་ས་ནས་འགོ་བཙུགས་ཏེ་གྲོང་ཚོ་གཅིག་དང་མི་གཅིག་ཀྱང་མ་ལུས་པའི་སྒོ་ནས་དམངས་འཚོའི་དོན་ཆེན་དེ་ཏན་ཏིག་དང་ཡག་པོ་བསྒྲུབས་ཡོད། “ཟམ་ཆུང་ལས་གྲྭ”ལག་བསྟར་བྱས་རྗེས་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུ།

    རང་ངོས་འཕེལ་རྒྱས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ། སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ། མི་རིགས་ཁག་གི་བློ་ཁ་གཏད་ཕྱོགས་དང་གོང་བུ་འགྲི

    ལ་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་བཅས་རེད་ལ། འབྱོར་འབྲིང་ལམ་གྱི“མཐའ་མའི་འགག་གནད”སེལ་བའི་ཚད་བརྒལ་འགངས་ཆེན་ཞིག་ཀྱང་ཡིན་པས་མལ་གྲོ་གུང་དཀར་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་ཚོ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར”སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད།

    “ང་ཚོས་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ་ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་སྡོམ་བྱེད་པ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ལོ་གསུམ་རིང་གི་ཟམ་ཆུང་100བསྐྲུན་པའི་འཆར་གཞི་ལེགས་སྒྲུབ་ཡག་པོ་བྱས་ཏེ་རྫོང་དེ་ཡོངས་དང་ཐ་ན་གྲོང་ཁྱེར་དེ་ཡོངས་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་ཕྱིར་བསྐྱོད་ཐུབ་པ་དང་བྱ་བ་ཆུང་ཙག་ཡག་པོ་སྒྲུབ་ཆེད་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་བསོད་ནམས་རྡོ་རྗེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།