དབུ་ཤོག>ཞིང་འབྲོག་གསར་པ།
  • མཐའ་མཚམས་སུ་འོད་ཆེམ་ཆེམ་འཕྲོ་བའི“ས་མཐོའི་མུ་ཏིག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-07

    ད་ཕན་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ལྷུན་རྩེ་རྫོང་རྩ་རི་ཤང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“འབྱོར་འབྲིང་ཁང་པར”སྡོད་རྒྱུ་ཡོད་པ་དང་། “ཡུལ་སྐོར་གྱི་ཡོང་འབབ”གསོག་ཐུབ་པ། “ཕྱུག་འགྱུར་གྱི་ལམ་བུར”སྐྱོད་ཐུབ་པ་བཅས་བྱུང་ནས། དེ་སྔའི་ལུང་སྟོང་གི་མཐའ་མཚམས་རི་གྲོང་དེ་ད་ཆའི་འོད་སྟོང་འཕྲོ་བའི་མཐའ་མཚམས་ཀྱི“ས་མཐོའི་མུ་ཏིག”ཏུ་བཏོད་པ་མ་ཟད། མི་སེར་ཚོའི་འཚོ་བ་ཡང་ཉིན་བཞིན་ལེགས་སུ་ཕྱིན་ཡོད།

    “འབྱོར་འབྲིང་ཁང་པའི”ནང་བསྡད་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ། 

    ལུང་བ་གྲོང་ཚོ་ནི་རང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུཌ་སྐྲུན་བྱེད་རིང་ཐོན་པའི་གྲོང་གསར་ཞིག་ཡིན། གྲོང་ཚོའི་ནང་སྐྱོད་སྐབས་རིམ་པ་སྟར་ཆཌ་ཀྱི“འབྱོར་འབྲིང་ཁང་པ”སྟར་པ་98ལས་མི་རྣམས་ཀྱི་མིག་དབང་གཅིག་ཅར་དུ་འཕྲོག་ཅིང་། “ཚད་གཞི་མཐོ་པོས‘འབྱོར་འབྲིང་གྲོང་ཚོ’བསྐྲུན་པ་ཕུད། ཏང་དང་སྲིད་གཞུང་གིས་ད་དུང་མ་དངུལ་བཏང་ནས་ཆུ་དང་གློག་ལམ་འཕྲིན་གཏོང་སོཌ་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་། སྨྱུག་ཆས་ལས་སྣོན་བཟོ་གྲྭ་དང་སྤོས་ལས་སྣོན་བཟོ་གྲྭ་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལེ་ལག་ཚང་བའི་ངང་བསྐྲུན་ཡོད”ཅེས་ལུང་བ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཁྲེང་གིས་གསར་འགོད་པར་བརྗོད། ཁོང་གིས“འབྱོར་འབྲིང་གྲོང་ཚོ་བསྐྲུན་པ་དེས་མཐའ་མཚམས་མང་ཚོགས་སྡོད་ཁང་གསར་པའི་ནང་བསྡད་ནས་དུས་རབས་གསར་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད”ཅེས་བརྗོད།

    གྲོང་ཚོ་དེའི་མང་ཚོགས་ཚེ་རིང་མཁའ་འགྲོ་ནང་མི་4པོ་ཐོག་སོ་གཉིས་ལྡན་གྱི“འབྱོར་འབྲིང་སྡོད་ཁང”ནང་སྡོད་རྒྱུ་བྱུང་ཞིང་། “‘འབྱོར་འབྲིང་ཁང་པའི’ཐོག་སོ་གཉིས་ལ་ཁྱོན་ཁང་མིག་8ཡོད་པ་དང་ང་ཚོས་སྒོར་ཁྲི་10བཏོན་པ་ཡིན”དངུལ་ཕྲན་བུ་ལས་བཏོན་དགོས་མ་བྱུང་བར་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བས་ཞིང་པ་ཚེ་རིང་མཁའ་འགྲོའི་སེམས་ནང་དགའ་ཚོར་གྱིས་ཁེངས་ཤིང་། འཇོན་ཐང་ཆེ་བའི་ཁོང་གིས་ཁང་མིག་4སྤྱད་དེ་ཇ་ཁང་བཟོས་ནས་ཚོང་ཆུང་ངུ་བརྒྱབ་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད།

    “འབྱོར་འབྲིང་ཁང་པར”སྤོས་རྗེས་ལུང་བ་གྲོང་ཚོའི་མང་ཚོགས་འབྱུང་འགྱུར་གྱི་འཚོ་བར་རེ་སྒུག་དང་ཡིད་ཆེས་ཀྱིས་ཁེངས། “མིག་སྔར་སྨྱུག་ཆས་ལས་སྣོན་བཟོ་གྲྭ་དང་སྤོས་ལས་སྣོན་བཟོ་གྲྭ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད”ཅེས་ཚུའེ་ཁྲེང་གིས་བརྗོད། ཁོང་གིས“རང་བྱུང་ཁམས་ཀྱི་དྲིན་ལས་ང་ཚོའི་རི་རྩེར་སྨྱུག་མ་མང་པོ་ཡོད། སྨྱུག་མ་དེ་ཚོ་ལས་སྣོན་བྱས་ནས་སི་ར་དང་སླེ་པོ་བཟོས་ཚེ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་འགྱུར་སྲིད”ཅེས་བརྗོད།

    མང་ཚོགས་ཚོའི་སྨྱུག་བསླས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཡུལ་དེའི་ཏང་ཨུད་དང་སྲིད་གཞུང་གིས་ཕྱི་ནས་དགེ་རྒན་གདན་དྲངས་ཏེ་ལག་རྩལ་དམར་ཁྲིད་བྱས་ཡོད། “མང་ཚོགས་ཚོ་གསོ་སྦྱོང་ནང་ཞུགས་པའི་ཧུར་སེམས་ཧ་ཅང་ཆེན་པོ་འདུག ཚང་མས་ལག་རྩལ་ཡོད་ཚེ་ཡོང་འབབ་བསགས་ཐུབ་ནས་འཚོ་བ་སྐྱིད་དུ་འགྲོ་རྒྱུ་རེད་ཟེར་གྱི་འདུག”ཅེས་ཚུའེ་ཁྲེང་གིས་བརྗོད། ཁོང་གིས“ལག་རྩལ་ཡག་ཏུ་བཏང་རྗེས་གོམ་སྟབས་རྗེས་མར་ཁྲོམ་ར་གསར་འབྱེད་བྱ་རྒྱུ་དེ་ཡིན། ང་ཚོས་རྫོང་དང་གྲོང་ཁྱེར་ནང་བྲིན་ཚོང་ས་ཚིགས་བཙུགས་ནས་བྲིན་ཚོང་ལམ་བུ་བཏོད་རྗེས་ཐོན་ལས་གཉེར་ཏེ་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་དངོས་འབྲེལ་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་བརྗོད།

    ཐོན་ལས་དར་ཚེ་དམངས་རྣམས་ཕྱུག སྨྱུག་ཆས་ལས་སྣོན་བཟོ་གྲྭ་དང་སྤོས་ལས་སྣོན་བཟོ་གྲྭ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་ལུང་བ་གྲོང་ཚོའི་མང་ཚོགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཡིད་ཆེས་བརྟན་དུ་སོང་ཡོད།

    “ཡུལ་སྐོར་གྱི་ཕན་པ”ཐོབ་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་བ།

    ཡུལ་ལྗོངས་མཛེས་ཤིང་སྡོད་ཁང་གསར་པ་ཡིན་པས་ཡུལ་སྐོར་ལས་ལ་གཞོལ་དགོས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྗེས་རྩ་རི་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་དམ་འཛིན་ཧུར་ཐག་བྱས།

    མང་ཚོགས་ཚོས་ཁྱིམ་ཚང་མགྲོན་ཁང་ནང་སྒེར་གྱི་གསང་སྤྱོད་མེད་པའི་གནས་ཚུལ་བཤད་རྗེས་རྩ་རི་ཤང་ཏང་ཨུད་དང་སྲིད་གཞུང་གིས་དུས་ཐོག་ཏུ་གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་ལ་དེའི་སྐོར་ཞུས་ཏེ་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་དུད་ཚང་ཚང་མར་རོགས་སྐྱོར་མ་དངུལ་སྒོར་ཁྲི་5རེ་བརྩོན་ལེན་བྱས་པ་རེད། “དང་ཐོག་མར་ང་ཚོས་མིང་ཐོ་འགོད་མཁན་མང་ཚོགས་མང་པོ་ཨེ་ཡོད་སྙམ་རུང་དོན་དངོས་ཐོག་དངོས་སུ་མིང་ཐོ་འགོད་མཁན་གྱི་མི་གྲངས་ང་ཚོའི་བསམ་ཚོད་ལས་བརྒལ་སོང་། གྲོང་ནང་གྲོང་ཚོ་ཁོ་ནར་དུད་ཚང་11གི་མང་ཚོགས་ཀྱིས་རང་འགུལ་ངང་མིང་ཐོ་བཀོད་སོང”ཞེས་ཤུས་ཀྲི་ཕིང་གིས་བརྗོད་པ་དང་། ཁོང་གིས“མང་ཚོགས་མང་པོ་ཞིག་གིས་ངའི་སར་ད་དུང་མིང་ཐོ་འགོད་ཆོག་མིན་སྐད་ཆ་འདྲི་བར་ཡོང་གི་འདུག ཤང་གིས་ཆ་རྐྱེན་འཛོམས་པའི་དུད་ཚང་ཁག་གཅིག་བདམས་ནས་ཚོད་ལྟ་བྱ་རྒྱུ་དང་། ཚོད་ལྟ་ལེགས་གྲུབ་བྱུང་རྗེས་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད”ཅེས་བརྗོད།

    2007ལོར་གྲོང་ནང་གྲོང་ཚོའི་མང་ཚོགས་ཉི་མ་ཚེ་རིང་གིས་ཁྱིམ་གྱི་ཁང་པ་ལྷག་མ་རྣམས་སྤྱད་དེ་ཁྱིམ་ཚང་མགྲོན་ཁང་ཞིག་བཙུགས། “སྐབས་དེ་དུས། འགྲུལ་ཁང་ལ་ཁང་མིག་གཉིས་ལས་མེད་པ་དང་། དེའི་ནང་ཉལ་ཁྲི་དྲུག་བདུན་བཀོད་སྒྲིག་བྱས་ནས་ཉལ་ཁྲི་རེར་དགོང་མོ་རེར་སྒོར་ཉི་ཤུ་སུམ་ཅུ་བསྡུ་ཡི་ཡོད། ཆ་རྐྱེན་ཡག་པོ་མེད་པས་སྡོད་མཁན་མང་པོ་མེད་པར་ལོ་གཅིག་ལ་ཡོང་འབབ་ཀྱང་མང་པོ་མེད”ཁོང་གིས“‘འབྱོར་འབྲིང་ཁང་པ’ཐོག་སོ་2ལ་ཁྱོན་ཁང་མིག་8ཡོད་པ་དང་ང་ཚོས་སླར་ཡང་ཁང་མིག་5བརྒྱབ་པས་ད་ཆ་ཁྱོན་ཁང་མིག་13ཡོད། ཁང་མིག་6གི་ནང་ང་ཚོ་ནང་མི་སྡོད་ཀྱི་ཡོད་པ་དང་དེ་མིན་གྱི་ཁང་མིག་7འགྲུལ་ཁང་དུ་བཏང་ཡོད། ཁང་མིག་རྐྱང་མ་2དང་ཚད་ལྡན་ཁང་མིག་5ཡོད། ཁང་མིག་རྐྱང་པར་དགོང་མོ་རེར་སྒོར་100དང་ཚད་ལྡན་ཁང་མིག་ལ་དགོང་མོ་རེར་སྒོར་150བསྡུ་ཡི་ཡོད། ཟླ་བཞི་པ་ནས་བདུན་པའི་བར་ཡོང་འབབ་སྒོར་5000ལྷག་ཙམ་བྱུང”ཞེས་གསར་འགོད་པར་བརྗོད་བྱུང་།

    ཏང་དང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་5བཏང་ནས་ངའི་ཁྱིམ་ཚང་མགྲོན་ཁང་གི་སྣེ་ལེན་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཉི་མ་ཚེ་རིང་གིས་བརྗོད། ཁོང་གིས“སྐུ་མགྲོན་ཚོས་ཁང་པའི་ནང་གསང་སྤྱོད་བཟོ་རྒྱུའི་རེ་བ་མང་པོ་བཏོན་བྱུང་། འོན་ཀྱང་ང་ཚོར་ལེགས་བཅོས་བྱ་རྒྱུའི་མ་དངུལ་མེད་ལ་སྒྱུར་བཀོད་ཇི་ལྟར་བྱེད་དགོས་མིན་ཡང་མི་ཤེས། ཏང་དང་སྲིད་གཞུང་གིས་མ་དངུལ་བཏང་ནས་ང་ཚོར་གཅིག་གྱུར་སྒྱུར་བཀོད་བྱེད་རོགས་བྱས་བྱུང་བས་དངོས་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

    “འབྱོར་འབྲིང་ལམ་བུར”བསྐྱོད་ནས་དུས་རབས་གསར་པར་འབད་འཐབ་བྱས་པ།

    ལས་གཏོད་ཀྱི་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་བྱེད་སྐབས་གྲོང་ནང་གྲོང་ཚོའི་མང་ཚོགས་ཉི་མ་བསྟན་འཛིན་གྱིས་སེམས་འགུལ་ཐེབས་བཞིན་དུ“ང་ཚོའི་རིའི་སྟེང་དུ་རི་སྐྱེས་ཇ་ཤིང་ཡོད། འོན་ཀྱང་མང་ཚོགས་ཚོས་དེ་བཏུས་ནས་རང་གིས་བེད་སྤྱོད་བྱེད་པ་ལས་ཕྱིར་ཚོང་བྱེད་པ་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་ངའི་བསམ་པར་ང་ཚོའི་ས་ཆར་གནམ་གཤིས་ཆ་རྐྱེན་ཡག་པོ་ཡོད་པས་ཇ་ཤིང་ནང་འདྲེན་བྱས་ཏེ་མི་བཏབ་པ་གང་ཡིན་སྙམ”ཞེས་བརྗོད།

    ཇུས་འགོད་ཐེངས་མང་བྱས་པ་བརྒྱུད། 2016ལོར་ཡུལ་དེའི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཉི་མ་བསྟན་འཛིན་གྱིས་སི་ཁྲོན་གཡག་རྔ་ནས་ཇ་ཤིང་ནང་འདྲེན་བྱས་ཏེ་ཚོད་འདེབས་བྱེད་འགོ་ཚུགས། “ཐོག་མའི་ལོ་གཉིས་ནང་འདེབས་འཛུགས་ཡག་པོ་མ་བྱུང་བར་སྒོར་ཁྲི་100ལྷག་ཙམ་གྱོང་གུན་ཕོག”མདའ་འཕངས་ཚར་བས་ཕྱིར་ལོག་རྒྱུ་མེད་ཅེས་པ་ལྟར། དང་ཐོག་གི་འདེབས་འཛུགས་ལ་ཕན་འབྲས་གང་ཡང་ཐོན་མེད་ནའང་ཉི་མ་བསྟན་འཛིན་གྱིས་ཡིད་ཐང་མ་ཆད་པར་དེ་ལས་ལྡོག་སྟེ་བློ་སྟོབས་ཆེ་རུ་སོང་ཡོད།

    ཇ་ཞིང་མ་འདེབས་གོང་། ཉི་མ་བསྟན་འཛིན་ནི་རྩ་རི་ཤང་གི“ཡུལ་སྐོར་གྲགས་ཅན་མི་སྣ”ཞིག་ཡིན་ཞིང་། ཡུལ་སྐོར་བའི་སྣེ་ཤན་པ་བྱས་ནས་ཁོང་ཚོར་ཞག་སྡོད་དང་རླངས་འཁོར་འཇོག་ས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་ཡོང་གི་ཡོད། འོན་ཀྱང་ཁོང་གིས་ད་ཆའི་ཡོང་འབབ་དེར་ཡིད་ཚིམ་ནས་མ་བསྡད་པར་བློ་གཅིག་སེམས་གཅིག་ངང་བྱ་བ་ཆེན་པོ་ཞིག་བསྒྲུབ་བསམ་སྟེ་རང་ཉིད་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་དུས་མཚུངས་མང་ཚོགས་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་བཞིན་ཡོད། ཁོང་གིས“ལས་གཏོད་བྱེད་རིང་ངའི་གསོག་དངུལ་སྒོར་ཁྲི་60བཏང་བ་དང་། གཉེན་ཉེའི་ས་ནས་སྒོར་ཁྲི་40གཡར་བ། ཏང་དང་སྲིད་གཞུང་གིས་སྒོར་ཁྲི་60རྒྱབ་སྐྱོར་བྱས་བྱུང་། དངུལ་འདི་དག་ཚང་མ་རྩ་ཆེའི་རྒྱུ་ནོར་ཡིན་པས་འཕྲོ་བརླག་གཏོང་མི་རུང”ཞེས་བརྗོད།

    མཐར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ལག་རྩལ་པའི་མཛུབ་ཁྲིད་འོག 2018ལོར་ཉི་མ་བསྟན་འཛིན་གྱི་ཚོད་འདེབས་ལེགས་གྲུབ་བྱུང་ཡོད། ད་ཆ་དང་ཐོག་གི་ཇ་ཞིང་མུའུ་50ལྷག་ཙམ་ནས་མུའུ་200ལྷག་ཙམ་བར་རྒྱ་ཆེར་ཕྱིན་ཏེ་མཉམ་སྡེབ་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད། “ང་ཚོས་མ་རྐང་ལམ་ལུགས་ལག་བསྟར་བྱས་པ་ཡིན། གྲོང་ཚོའི་མང་ཚོགས་ཀྱིས་མ་རྐང་གི་40%ཟིན་པ་དང་ངས་མ་རྐང་གི་60%བཟུང་ཡོད། ན་ནིང་ང་ཚོའི་ཇ་ཞིང་ནས་ཇ་ལོ་སྤྱི་རྒྱ་250ཐོན་པར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་། ང་ཚོའི་ཇ་ལོ་ཐོན་ཚད་ལོ་རེ་བཞིན་མང་དུ་འགྲོ་བ་དང་ཕྱིར་ཚོང་བྱེད་རྒྱ་ཡང་སྔར་བས་ཆེ་རུ་ཕྱིན་པས་འདི་ལོའི་ཡོང་འབབ་དེ་བས་མང་བ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསར་འགོད་པར་བརྗོད།

    མིག་སྔར། ཉི་མ་བསྟན་འཛིན་གྱིས་མང་ཚོགས་ཀྱི་སྣེ་འཁྲིད་ནས་གསར་འཛུགས་བྱས་པའི་མཉམ་ལས་ཁང་གིས་མི་4ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་ཕུད། ད་དུང་མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་ས་ནས་འབབ་འཕར་གྱི་གོ་སྐབས་མཁོ་འདོན་བྱས་ཡོད། གསར་འགོད་པས་བཅར་འདྲི་བྱེད་རིང་། གྲོང་ཚོ་དེའི་མང་ཚོགས་ཚེ་དབང་དང་པད་མ་དབྱངས་ཅན་ཇ་ཞིང་ནང་རྩྭ་ངན་འཐུ་བཞིན་པ་དང་ཏག་ཏག་འཁེལ། “ང་ཚོ་འདིར་ལས་ཀ་བྱས་ནས་ལོ་གཉིས་གསུམ་ཙམ་སོང་། ཉིན་གཅིག་ལ་སྒོར་150རག་གི་འདུག ལས་ཀ་ག་ཚོད་མང་བ་བྱས་ན་ཡོང་འབབ་དེ་ཙམ་གྱིས་མང་བ་ཡོད”ཅེས་པད་མ་དབྱངས་ཅན་གྱིས་འཛུམ་དམུལ་དམུལ་ངང་བརྗོད། ཁོང་གི་འཛུམ་མདངས་ལས་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བ་ངང་གིས་ཚོར་གྱི་འདུག 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།