
སྦྲ་ཆེན་རྫོང་རྫ་སྲིབ་གྲོང་རྡལ་གླ་བུ་ཨ་ཐང་གྲོང་ཚོའི་སྡོང་སོན་འདེབས་འཛུགས་རྟེན་གཞི།

འདི་ནི་བོད་ལྗོངས་ཁྲང་རུང་ནགས་ཤོད་གྱོན་ཆས་ཚད་ཡོད་ཀུང་སིའི་ལས་མིས་ཐོན་སྐྱེད་འཁོར་ཁང་དུ་གྱོན་ཆས་འཚེམ་བཞིན་པ།
དབྱར་གྱི་དཔལ་ཡོན་བཞད་པའི་དུས་སུ་གཡུ་ལོ་ཐགས་སུ་བཀྲ་བའི་བྱང་རྩྭ་ཐང་དུ་སྐྱོད་སྐབས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བཀོད་སྒྲིག་སྡོད་ཁང་མང་པོ་གྲལ་སྟར་འགྲིག་པ་དང་། ཨར་འདམ་ལམ་དང་ཁོད་སྙོམས་པའི་གཞུང་ལམ་གཅིག་ཏུ་སྦྲེལ་བ། བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པའི་དབུལ་སྐྱོར་འཁོར་ཁང་རེ་རེ་ནས་གོ་རིམ་ལྡན་པའི་གཉེར་སྐྱོང་བྱེད་པ་སོགས་ཕྱོགས་མཚམས་ཀུན་ནས་གྲོང་གསེབ་དར་རྒྱས་ལས་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ཚོར་ཐུབ།
སྡོད་མལ་ཁྱིམ་གཞིས་བསྐྲུན་པ།
སྦྲ་ཆེན་རྫོང་རྫ་སྲིབ་གྲོང་རྡལ་གླ་བུ་ཨ་ཐང་གྲོང་ཚོའི་སྡོང་ཕྲུག་འདེབས་འཛུགས་རྟེན་གཞིར་མུའུ་350ཡི་ས་ཞིང་དུ་སྦྱར་པ་དང་གསོམ་ཤིང་བཏབ་པ་དེ་སྦྲ་ཆེན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
“དེ་སྔ་དབྱར་དུས་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་སྦྲགས། ཤང་དུ་སྔོ་ལྗང་སྤང་ལྗོངས་གང་སར་མཐོང་རྒྱུ་ཡོད། འོན་ཀྱང་མུ་འབྲེལ་ལྗོན་ཤིང་མཐོང་མྱོང་མེད། འདི་ལོའི་ལོ་འགོར་རྟེན་གཞིར་སྡོང་ཕྲུག་དེ་དག་བཏབ་པས་ད་ཆ་མཐོ་ཚད་སྨི་གཅིག་ཙམ་འཚར་ཡོད་པ་དང་སྔོ་ཐིང་ཐིང་གི་སྡོང་ཕྲུག་དེ་དག་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་གླ་བུ་ཨ་ཐང་གྲོང་ཚོའི་གྲོང་མི་མིག་དམར་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།
རྫ་སྲིབ་གྲོང་རྡལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལས་དོན་ལ་རམ་འདེགས་བྱས་ཏེ་ཞི་མཐུན་དང་། ཤེས་དཔལ། མཛེས་སྡུག གམ་གཙང་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ཁོར་ཡུག་ཧུར་ཐག་བསྐྲུན་པ་རེད། འཚོ་བའི་གད་སྙིགས་སྦས་སའི་ཁོར་ཡུག་ཧྲིལ་པོ་སྔར་བས་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཉིན་ཤས་གོང་རྫ་སྲིབ་གྲོང་རྡལ་གྱིས་དུས་ཡུན་ཉིན་གསུམ་གྱི་འཚོ་བའི་གད་སྙིགས་སྦས་སའི་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་འབྲོག་ཁུལ་གྱི་རྣམ་པ་སྔར་བས་ལེགས་སུ་དང་འཚོ་བའི་ཁོར་ཡུག་ལེགས་སུ་བཏང་བ་རེད།
གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་བཏང་བ།
གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་མི་ལ་ཐུག་ཡོད། གྲོང་གསེབ་འཕེལ་རྒྱས་ཀྱི་སྟོབས་ཤུགས་དང་འཇམ་ཤུགས་མཐར་གཏུགས་ན་ཤེས་ལྡན་མི་སྣའི་སྟོབས་ཤུགས་ལ་བརྟེན་དགོས།
ཚེ་རིང་གཡང་འཛོམས་ལས་ཀར་སླེབས་ནས་ལོ་10ཙམ་གྱི་རིང་དབུལ་སྐྱོར་ལས་ཀ་ལོ་5ལྷག་ཙམ་བྱས། ད་ཆ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་གི་ཤང་ཀྲང་གཞོན་པ་དང་དབུལ་སྐྱོར་གཙོ་འགན་འཁུར་བཞིན་ཡོད། ཁོང་གིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4850ཟིན་པ་དང་ཆ་རྐྱེན་ཧ་ཅང་ཞན་པའི་ཁྲ་འདམ་ཤང་དུ་ལོ་8བརྟན་སྲུང་བྱས་པ་དང་2019ལོར་ཉི་མ་ཤང་དུ་ལས་སྒྱུར་བྱས། དེའི་རིང་ཁོང་གིས་ཁྲ་འདམ་ཤང་གི་གྲོང་ཚོ་9ཡི་དུད་ཚང་795དང་། ཉི་མ་ཤང་གི་གྲོང་ཚོ་21གི་དུད་ཚང་121ལ་བསྐྱོད་པ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ལས་དོན་ལས་ཁོང་ལ“རྐང་མཐིལ་དུ་འདམ་བག་ཇི་ཙམ་འགོས་པ་དེ་ཙམ་གྱིས་བརྩེ་བ་ཟབ་མོ་ཆགས་པའི”ཡིད་ཆེས་བརྟན་པོ་རྙེད། ཁོང་གིས་གཞི་རིམ་འཕེལ་རྒྱས་ཀྱི“ལམ་བུ་བརྟན་པོ”འཚོལ་བ་དང་། མང་ཚོགས་དབུལ་པོར“དབུལ་ཞྭ”འབུད་རོགས། ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ“འཚོ་བ་ཡག་པོ”སྐྱེལ་བ་བཅས་བྱས་པས། ཤང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་དགའ་འོས་པའི་འགྱུར་ལྡོག་བྱུང་བའི་དཔང་པོར་གྱུར་བ་རེད།
མཐིལ་རྟོགས་བརྟག་ཞིབ་དང་། གྲངས་གཞི་ཞིབ་བསྡུར། ལས་གནས་སྦྲེལ་མཐུད། ཐོན་ལས་འཕེལ་རྒྱས་སོགས་ཚེ་རིང་གཡང་འཛོམས་ཀྱིས་ཤང་གི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔར་བཞིན་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་འབད་འཐབ་བྱེད་བཞིན་ཡོད།
གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་བཏང་བ།
ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་ཐུབ། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གྲོང་གསེབ་ལ“རང་རྟེན”གྱི་ནུས་པ་ལྡན་ཚེ་གཞི་ནས་ཞིང་འབྲོག་པའི་སེམས་ཤུགས་དང་གསོན་ཤུགས་འཕེལ་ཐུབ།
ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་དབུལ་སྐྱོར་ཐོན་ལས་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་བརྩིས་ནས་ལྷ་རི་ཉང་གཡག་གི“ས་མཐོའི་གཅེས་ནོར”སྤུས་རྟགས་ལ་བརྟེན་ནས་“མུའུ་ཁྲི་སྟོང་གི”ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞིའི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པ་རེད། རྣམ་གྲངས་དེ་2018ལོའི་ཟླ་12པར་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། “སྣེ་འདྲེན་སྐྱེད་སྲིང་དང་། རྟེན་གཞི་འཛུགས་པ། མཉམ་ལས་ཁང་འཕེལ་རྒྱས། འབྲོག་དུད་སྐུལ་ཁྲིད”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། “ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་མཉམ་ལས་བྱེད་སྟངས་སྤྱད་དེ་གྲོང་ཁྱེར་འབྲོག་ལས་འཕེལ་རྒྱས་ཀུང་སི་དང་རྫོང་ཉང་གཡག་ཀུང་སི་ལས་སྟེགས་སུ་བརྩིས་ནས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཆེ་རུ་བཏང་བ་རེད། “ཀུང་སི་དང་། འབྲོག་དུད། མཉམ་ལས་རྩ་འཛུགས”བཅས་ཀྱི་དབར་གན་རྒྱ་བཞག་ཚུན། ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་49དང་འབྲོག་དུད་2838ལ་སྐུལ་ཁྲིད་བྱས་པར་དུད་ཚང་དབུལ་པོ་807ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་དམ་འཛིན་བྱ་གཞིར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ས་གནས་ཁག་གི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། དབུལ་སྒྲོལ་རྫོང་དང་ཆུས་ཀྱི་འཕེལ་རྒྱས་དང་ཞིང་འབྲོག་པའི་འཚོ་བ་ལེགས་སུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་དབུལ་སྐྱོར་ཐོན་ལས་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁེ་ལས་དང་མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་གཉེར་སྐྱོང་དོ་དམ་སོགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་རྩ་འཛུགས་ཁག་གཅིག་མུ་མཐུད་སྐྱེད་སྲིང་བྱས་པ་རེད། དབུལ་སྐྱོར་ཐོན་ལས་ལ་བརྟེན་ནས་དབུལ་པོར་སྐུལ་ཁྲིད་དང་དབུལ་པོ་ཉུང་གཏོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་དང་ཐོན་ལས་དར་རྒྱས་ཟུང་འབྲེལ་གྱི་བྱེད་སྟངས་གསར་པ་རིམ་བཞིན་འཚོལ་ཞིབ། དབུལ་སྐྱོར་རྒྱུ་ནོར་ཐོ་འགོད་དབང་ཆ་གཏན་འཁེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། ཐོན་ལས་རྣམ་གྲངས་ལ་ཡུན་རིང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།