ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྱང་མ་གྲོང་རྡལ་དུ་འབྲོག་པས་ལྕི་སྒྲུག་ཐེར་གེ་ཞིག་བཏང་ནས་ལྷས་རའི་ནང་ལྕི་བ་སྒྲུག་བཞིན་འདུག
དེ་སྔོན་ཞིང་འབྲོག་པས་ལྕི་བ་ནི་ཞིང་འབྲོག་པ་རང་ཉིད་ཀྱིས་སྒྲུག་དགོས་པའི་ཁར་ལྕི་བར་རིན་ཐང་དེ་ཙམ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཚེ་རིང་མིང་འགྱུར་གྱི་ཚོགས་པས་ལས་ཀྱི་མཆོད་རྟེན་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སི་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་སྒོ་སྤེལ་ཚུན་ལྕི་བ་འབྲོག་པའི་ནོར་བུར་གྱུར།
ལས་ཀྱི་མཆོད་རྟེན་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སི་ནི་ཚེ་རིང་མིང་འགྱུར་སློབ་ཆེན་ཐོན་རྗེས་རང་ཡུལ་དུ་ལོག་ནས་བཙུགས་པ་ཞིག་ཡིན་ཞིང་། ལྕི་བ་དང་རིལ་མ་ཡིས་གཙོ་བོ་བྱས་པའི་སྐྱེ་ལྡན་ལུད་དང་། འཚོ་་བཅུད་ས་རྒྱུ། ལྕི་ལུད་ཀྱི་སྐྱེ་དངོས་མེ་ཤིང་སོགས་ཐོན་རྫས་སུ་ལས་སྣོན་བྱེད་པར་གཞོལ་གྱི་ཡོད། ཤང་དང་གྲོང་རྡལ་ཁག་ཏུ་ལྕི་བ་ཉོ་སྒྲུབ་ཀྱི་ལས་དོན་ས་ཚིགས་བཙུགས་ནས་ཆེད་ལས་མི་སྣས་ཐེར་གེ་བཏང་སྟེ་ལྕི་བ་སྒྲུག་གི་ཡོད་པས་ཞིང་འབྲོག་པའི་འཚོ་བར་སྟབས་བདེ་བསྐྲུན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་སོང་ཡོད།
2014ལོར་ཚེ་རིང་མིང་འགྱུར་ཉིང་ཁྲི་ཞིང་འབྲོག་སློབ་གླིང་ནས་ཐོན་རྗེས་མཉམ་ལས་བྱེད་མཁན་དང་མཉམ་དུ་ཉོ་སྒྲུབ་ཀུང་སི་འཛུགས་རྒྱུའི་གྲ་སྒྲིག་བྱས་ཏེ་ཞིང་འབྲོག་པའི་མ་བཅོས་རྒྱུ་ཆ་དང་ཐོན་རྫས་ཉོས་ནས་བེད་མེད་དངོས་པོ་གོ་ཆོད་ཅན་དུ་བསྒྱུར་བ་དང་འབྲེལ་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུར་དམིགས་མོད། ལས་གཏོད་ཀྱི་མ་དངུལ་ཐད་དཀའ་ཁག་ཆེན་པོ་འཕྲད། འོན་ཀྱང་རྒྱལ་ཁབ་ཀྱིས་སློབ་ཆེན་སློབ་མའི་ལས་གཏོད་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པའི་སྐོར་ཤེས་རྗེས་ཁོང་གིས་ཀུང་སི་འཛུགས་རྒྱུའི་སེམས་ཤུགས་རབ་ཏུ་འཕེལ། ཚེ་རིང་མིང་འགྱུར་གྱིས་རོགས་སྐྱོར་གྱི་སྲིད་ཇུས་སློབ་སྦྱོང་ཡག་པོ་བྱས་ཏེ་འཆར་འགོད་ཀྱི་ཡིག་ཆ་སྣ་ཚོགས་གྲ་སྒྲིག་ཡག་པོ་བྱས་རྗེས་འབྲེལ་ཡོད་སྡེ་ཚན་ལ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པའི་རེ་ཞུ་བྱས། མཐར་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ཐེབས་རྩའི་དངུལ་བུན་སྒོར་ཁྲི་50རག་པ་རེད།
ཀུང་སི་བཙུགས་མ་ཐག་པའི་སྐབས་སུ་ཞིང་འབྲོག་པའི་བེད་མེད་རྒྱུ་ཆ་ཉོ་སྒྲུབ་ལས་སྒོ་ཐེངས་མང་ལམ་ལྷོངས་མ་བྱུང་ཞིང་། ཞིང་འབྲོག་པ་མང་པོར་སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་ནས་རང་ཁྱིམ་གྱི་ལྕི་བ་འཚོང་འདོད་བྱེད་ཀྱི་མེད།
ཚེ་རིང་མིང་འགྱུར་གྱིས་ལས་སྒོ་སྤེལ་དགོས་ན་ངེས་པར་དུ་སྔོན་ལ་ཞིང་འབྲོག་པའི་ལྟ་བ་རྙིང་པར་འགྱུར་ལྡོག་གཏོང་དགོས་པ་ཤེས། དེ་ནས་ཁོང་དང་ཚོགས་པའི་ཁོངས་མི་དུད་ཚང་དུ་བསྐྱོད་ནས་བེད་མེད་དངོས་པོ་བསྐྱར་དུ་བེད་སྤྱོད་བྱེད་རྒྱུའི་སྐོར་དང་། ཀུང་སིའི་ཐོན་སྐྱེད་དང་ཞིང་འབྲོག་པའི་བར་གྱི་ཁེ་ཕན་འབྲེལ་བ་ཞིང་འབྲོག་པར་གསལ་པོར་བཤད་པ་དང་ཆབས་ཅིག་མ་བཅོས་རྒྱུ་ཆ་ལས་སྣོན་བཟོ་གྲྭར་ཞིང་འབྲོག་པ་ཡང་ཡང་ལྟ་སྐོར་དུ་ཁྲིད་ནས་དོན་དངོས་ལས་ཞིང་འབྲོག་པ་མཉམ་ལས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
ཚེ་རིང་མིང་འགྱུར་དང་ཚོགས་པས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལྕི་བ་འཚོང་མཁན་གྱི་ཞིང་འབྲོག་པ་ཇེ་མང་དུ་ཕྱིན་པས་ཚེ་རིང་རྣམ་རྒྱལ་དང་མཉམ་ལས་བྱེད་མཁན་གྱིས་ཤང་དང་གྲོང་རྡལ་གནས་གཞིར་བྱས་ཏེ་ལྕི་བ་ཉོ་སྒྲུབ་ས་ཚིགས་བཙུགས་ནས་ས་གནས་དེ་གར་ཉོ་སྒྲུབ་ས་ཚིགས་ཀྱི་འགན་ཁུར་བ་དང་ལས་དོན་པ་འཚོལ་རྒྱུའི་ཐག་བཅད་པ་དེས་ཞིང་འབྲོག་པར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་གྱི་ལས་གནས་མཁོ་འདོན་བྱས་ཡོད།
ཨ་མདོ་རྫོང་བྱང་མ་གྲོང་རྡལ་གྲོང་ཚོ་དྲུག་པའི་གྲོང་མི་མཆོག་རྒྱལ་གྱིས་རང་ཁྱིམ་གྱི་ལྕི་བ་འཚོང་གི་ཡོད་པ་མ་ཟད། ཁོང་གི་ཁྱིམ་ནི་ལྕི་བའི་མ་བཅོས་རྒྱུ་ཆ་བསྡུ་སའི་ས་ཚིགས་གྲས་སུ་གྱུར།
“བེད་མེད་དངོས་པོ་གོ་ཆོད་ཅན་དུ་བསྒྱུར་བའི་བྱེད་ཐབས་འདི་ཧ་ཅང་ཡག་པོ་ཡིན་པས་མང་ཚོགས་དང་ཀུང་སི་གཉིས་ཀར་ཕན་པ་རག་གི་འདུག”ཅེས་མཆོག་རྒྱལ་གྱིས་བཤད།
ལོ་གསུམ་ཡང་མ་འགོར་བར་ཚེ་རིང་མིང་འགྱུར་གྱིས་ནག་ཆུའི་ཤང་དང་གྲོང་རྡལ་ཁག་ཏུ་ལྕི་བ་ཉོ་སྒྲུབ་ས་ཚིགས་20ལྷག་ཙམ་བཙུགས་ཤིང་། ལོ་རེར་ཉོ་སྒྲུབ་བྱེད་ཚད་མང་དུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་མང་ཚོགས་དེ་བས་མང་བར་ལས་ཞུགས་ལས་གནས་དང་ཕྱུག་འགྱུར་གྱི་གོ་སྐབས་ཐོབ་ཡོད།
གསེར་རྙེད་ཆུས་ན་དམར་ཤང་གྲོང་ཚོ་དྲུག་པའི་གྲོང་མི་སྐལ་བཟང་ནོར་འཕེལ་ནི་དྭ་ཕྲུག་ཅིག་ཡིན་ཞིང་། དེ་སྔོན་གཉེན་ཉེའི་ཁྱིམ་དུ་སྡོད་ཀྱི་ཡོད་ལ། ལོ་མང་རིང་ལས་གནས་བརྟན་པོ་ཞིག་རག་མྱོང་མེད། ཁོང་ལས་ཀྱི་མཆོད་རྟེན་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སིར་ཞུགས་རྗེས་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད་ད་ཆ་ཡོང་འབབ་བརྟན་པོ་བྱུང་ནས་འཚོ་བ་ལེགས་སུ་ཕྱིན་ཡོད།
“ང་ཚོས་ཤང་དང་གྲོང་རྡལ་དུ་ལྕི་བ་ཉོ་སྒྲུབ་ས་ཚིགས་བཙུགས་པ་ལས་ཞིང་འབྲོག་པར་ལས་ཞུགས་ལས་གནས་70ལྷག་ཙམ་མཁོ་འདོན་བྱས་པ་དང་། ཞིང་འབྲོག་པ་2000ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས‘ཀུང་སི+རྟེན་གཞི+མཉམ་ལས་ཁང+འབྲོག་དུད’བཅས་ཀྱི་རྣམ་པ་གྲོང་ཁྱེར་ཡོངས་སུ་ཁྱབ་པར་བྱས་ཏེ་ཞིང་འབྲོག་པ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་ལས་ཀྱི་མཆོད་རྟེན་ལས་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སིའི་ཕྱིར་ཚོང་ཅིང་ལི་ཚེ་རིང་དཀར་བཟང་གིས་བཤད།
མིག་སྔར་ལས་ཀྱི་མཆོད་རྟེན་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སིས་ལྕི་ལུད་བེད་སྤྱད་ནས་སྐྱེ་ལྡན་ལུད་དང་ལྕི་བ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་མང་པོ་ཐོན་སྐྱེད་བྱས་པ་མ་ཟད། སྐྱེ་ཁམས་དང་། གསར་གཏོད། ཚན་ཞིབ། ཐོན་སྐྱེད། ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་སྦྲེལ་གྲུབ་ནས་ནག་ཆུའི་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྱོང་ལ་སྟོབས་ཤུགས་རྒྱུན་མཐུད་སྐྱེས་སུ་ཕུལ་ཡོད།
གྲུབ་འབྲས་ཐོབ་པ་དང་འབྲེལ་ཚེ་རིང་མིང་འགྱུར་ཚོགས་པས་ཐོག་མཐའ་བར་གསུམ་དུ“ཆུ་འཐུང་དུས་ངེས་པར་དུ་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་། ཕྱུག་པོ་ཆགས་རྗེས་ཏང་གི་བཀའ་དྲིན་མི་བརྗེད་པའི”བསམ་བློ་བཅངས་ཏེ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་བསྟར་ནས་དུས་ངེས་མེད་ངང་དབུལ་སྒྲོལ་དུད་ཚང་ལ་རོགས་རམ་བྱས་ནས་དབུལ་པོ་རང་ལོག་མི་ཡོང་བྱས་པ་དང་འབྲེལ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མའི་སྣེ་ཁྲིད་ནས་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣར་སྒོར་ཁྲི་2རི་བའི་དངོས་ཟོག་སྤྲད་པ་རེད།
“ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་ཇུས་ཀྱི་རོགས་རམ་མེད་ཚེ་ང་ཚོས་ཕ་ཡུལ་གྱི་མི་དམངས་ལ་ལེགས་སྐྱེས་འབུལ་ཐབས་མེད། སླད་ཕྱིན་ང་ཚོས་གཉེར་སྐྱོང་གི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཐོན་རྫས་དང་ཞབས་ཞུ་མང་དུ་བཏང་ནས་མང་ཚོགས་དེ་བས་མང་བར་ཕན་འདོགས་རྒྱུ་ཡིན”ཞེས་ཚེ་རིང་མིང་འགྱུར་གྱིས་བཤད།