དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་ཚད་ལྡན་ལ་སེམས་རྩ་འཁོལ་བའི་སྒྲོག་འགྲེལ་པ་པད་མ་ལྷག་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-17

    པད་མ་ལྷག་སྒྲོན་སློབ་ཆེན་ཐོན་རྗེས་སེམས་ཐག་གཙང་བཅད་ཀྱིས་ཕ་ཡུལ་མེ་ཏོག་རྫོང་བདེ་ཞིང་ཤང་ཧོ་ར་གྲོང་ཚོར་ལོག་སྟེ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་རླབས་ཆེན་བྱ་གཞག་ནང་ཞུགས་ཏེ་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ཐབས་དང་ཇུས་འདོན་པ་དང་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་མཆིས།

    ས་སྐྱེས་རྡོ་སྐྱེས་ཀྱི་ཧོ་ར་བ་ཞིག་ཡིན་པའི་པད་མ་ལྷག་སྒྲོན་གྱིས་དེ་སྔ“ལམ་དང་། གློག དྲ་བ་བཅས་ཤར་གཏོང་མ་ཐུབ་པའི”དབང་གིས་གྲོང་མིར་སློབ་གསོ་ཐོབ་ཚད་དམའ་བ་དང་རྙིང་ཞེན་བག་ཁུམ་གྱི་བསམ་བློའི་འཁྱེར་སོ་ཤུགས་ཆེ་ཙམ་ཡོད་པས་བྱ་དངོས་གསར་པ་དང་ལེན་བྱེད་ཚད་དང་། ཁས་ལེན་བྱེད་ཚད། བསམ་ཤེས་ཐུབ་ཚད་བཅས་མི་འདང་བ་གསལ་པོ་ཤེས་ཀྱི་ཡོད། མིག་སྔར་ཁོང་གིས་འགན་ཁུར་བའི་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ཕན་འབྲས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས་ན་གྲོང་ཚོའི་ད་ལྟའི་གནས་བབ་དང་མཐུན་པའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་ཡོད། “གོང་རིམ་སྡེ་ཚན་གྱིས་གནང་བའི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་མང་ཆེ་བ་ནི་རྒྱ་ཡིག་དང་བོད་ཡིག་ཡིན་པ་མ་ཟད། མོན་པ་རིགས་ཀྱི་ཡི་གེ་མེད་པས་མང་ཚོགས་ཀྱིས་ཡི་གེ་ཡང་ཤེས་ཀྱི་མེད་ལ་སྐད་བརྡའང་མི་འཕྲོད་པས། ཁོ་ཚོ་མང་ཆེ་བས་ལྟ་འདོད་དང་སྦྱོང་འདོད་ཡོད་ཀྱང་ལྟ་མི་ཤེས་པ་དང་ཀློག་མི་ཤེས་པའི་དབང་གིས་མཐར་སྦྱོང་འདོད་མེད་པར་འགྱུར་གྱི་ཡོད། གྲོང་ཚོར་རྒྱང་བསྒྲགས་ཡོད་པས་མིག་སྔར་གྲོང་ཚོའི་མང་ཚོགས་མང་ཆེ་བས་ལྟ་མི་ཤེས་པ་དང་ཀློག་མི་ཤེས་ཀྱང་ཁོ་ཚོས་ཉན་ཤེས་པས་ཉན་འདོད་ཀྱང་བྱེད་ཀྱི་འདུག མོན་སྐད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དཔྱད་གཞི་མེད་ཀྱང་ང་ཚོ་རང་ཉིད་ཀྱིས་མོན་སྐད་ཀྱི་ཏང་གི་ལོ་རྒྱུས་གཏམ་རྒྱུད་ཐུང་ངུ་སྒྲ་འཇུག་བྱས་ཏེ་གྲོང་ཚོའི་རྒྱང་བསྒྲགས་ནས་གཟའ་འཁོར་རེར་གཏོང་ཆོག དེ་ལྟར་བྱས་ཚེ་ཁྱབ་རྒྱ་ཆེ་བ་མ་ཟད། ད་དུང་རིམ་བཞིན་ཕན་འབྲས་ཐོན་ནས་ཚང་མ་གཅིག་སྡུད་སློབ་སྦྱོང་བྱེད་པ་དང་བསྡུར་ན་གྲོང་མིས་དང་ལེན་བྱེད་བདེ་པོ་ཡོད”ཅེས་པད་མ་ལྷག་སྒྲོན་གྱིས་བཤད།

    པད་མ་ལྷག་སྒྲོན་གྱིས་ཁ་བཤད་ལག་ལེན་དུ་བསྟར་ཏེ་འཕྲལ་མར་གྲ་སྒྲིག་གིས་གཏམ་རྒྱུད་བསྐྱར་སྒྲིག་དང་། གཏམ་རྒྱུད་སྐད་སྒྱུར། སྒྲ་འཇུག་བཅས་ཚང་མ་སོ་སོ་རང་ཉིད་ཀྱིས་ལེགས་སྒྲུབ་བྱས་ཏེ་སྒྲ་མདངས་མཐོ་དམའ་སྙོམ་ཞིང་འགྱུར་ཁུག་སྙན་པོས་ཤོག་ངོས་ཀྱི་གཏམ་རྒྱུད་རེ་རེ་བཞིན་དང་གསར་བརྗེའི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་མིག་ལམ་དུ་གསོན་ཉམས་དོད་པོ་དང་མངོན་སུམ་དུ་མངོན་པར་བྱས་པས་གྲོང་མིའི་སློབ་སྦྱོང་གི་བསམ་པ་ཆེས་ཆེར་འཕེལ་བ་རེད།

    གཏམ་རྒྱུད་བསྐྱར་སྒྲིག་ནི་ལས་ཀ་རྙོག་དྲ་ཚ་པོ་ཞིག་རེད། གཏམ་རྒྱུད་གསོན་ཉམས་ལྡན་ཞིང་སྤྲོ་བ་འཕེལ་ཐུབ་མིན་དང་། གོ་བདེ་མིན། ཏང་གི་ལོ་རྒྱུས་གཏམ་རྒྱུད་ལས་མཚོན་པའི་བསམ་བློའི་སྟོབས་ཤུགས་གནད་ལ་འཁེལ་པོས་མཚོན་ཐུབ་མིན། ཏང་གི་ལོ་རྒྱུས་མི་སྣའི་གསར་བརྗེའི་ལམ་བུའི་ཐོག་དཀའ་ངལ་སེལ་ཕོད་པའི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པར་བྱེད་ཐུབ་མིན་བཅས་ནི་གཏམ་རྒྱུད་ཧྲིལ་པོའི་བླ་སྲོག་རེད། ལས་དོན་དེ་ཡག་པོ་སྒྲུབ་ཆེད་པད་མ་ལྷག་སྒྲོན་གྱིས་གཏམ་རྒྱུད་ཀྱི་ནང་དོན་ཡང་ཡང་བཀླགས་ནས་དྲ་ཐོག་ནས་འབྲེལ་ཡོད་ཏང་གི་ལོ་རྒྱུས་དཔྱད་ཡིག་འཚོལ་བཤེར་བྱས་ཏེ། གནད་ལ་འཁེལ་བ་དང་གསོན་ཉམས་དོད་པའི་སྒོ་ནས་གཏམ་རྒྱུད་བཟོ་བཅོས་རྒྱག་པ་དང་དུས་མཚུངས། རང་ཉིད་ཀྱི་ཚོར་ཤེས་ལ་བརྟེན་ནས་ལུང་འདྲེན་བྱེད་ཀྱི་ཡོད།

    གཏམ་རྒྱུད་ཡིག་སྒྱུར་བྱེད་སྐབས་བསམ་བློ་ཞིབ་ཚགས་གཏོང་དགོས། པད་མ་ལྷག་སྒྲོན་ནི་མོན་པ་བ་ཞིག་ཡིན་ཡང་རྒྱ་ཡིག་གི་ཐ་སྙད་ཁག་གཅིག་མོན་སྐད་ཐོག་གནད་ལ་འཁེལ་བ་ཞིག་སྒྱུར་སྐབས་དཀའ་ངལ་འཕྲད་ཀྱི་ཡོད། གནད་དོན་དེ་ཐག་གཅོད་ཡག་པོ་ཡོང་ཆེད། ཁོང་གིས་ཨ་ཕ་དང་། གཅེན་མོ། དེ་བཞིན་གྲོང་ཚོའི་བགྲེས་སོང་སོགས་ལ་སྐད་ཆ་མང་པོ་འདྲི་གི་ཡོད། སྐབས་རེ་ཐ་སྙད་གཅིག་མི་མང་པོར་བློ་འདྲི་བྱས་རྗེས་ཡིག་སྒྱུར་གང་འདྲ་བྱེད་དགོས་མིན་ཐད་བསམ་གཞིག་ཡང་ཡང་བྱེད་དགོས་པ་དང་། དེ་ཡང་ཏང་གི་ལོ་རྒྱུས་གཏམ་རྒྱུད་ལས་མཚོན་པའི་བསམ་པའི་སྟོབས་ཤུགས་དེ་བས་གནད་ལ་འཁེལ་བའི་སྒོ་ནས་མང་ཚོགས་ཚང་མར་བརྒྱུད་སྤྲོད་བྱ་ཆེད་རེད།

    སྒྲ་འཇུག་གི་ལས་དོན་ཡང་དེ་ཙམ་ལས་སླ་པོ་མེད། སྒྲ་འཇུག་སྒྲིག་ཆས་ཀྱང་སྟབས་བདེའི་ལག་ཐོགས་ཁ་པར་གཅིག་ལས་མེད་པས་སྒྲ་ཡག་པོ་འཇུག་ཐུབ་ཀྱི་མེད། སྒྲ་འཇུག་བྱེད་སྐབས་ཁ་ཁུ་སིམ་པོ་ཡོང་ཆེད། པད་མ་ལྷག་སྒྲོན་གྱིས་རྟག་ཏུ་རང་ཉིད་ཀྱི་བུ་གཉིད་ཁུག་རྗེས་མཚན་མོ་སྒྲ་འཇུག་བྱེད་ཀྱི་ཡོད། སྐབས་རེ་གཏམ་རྒྱུད་ཐུང་ངུ་ཞིག་གི་ནང་དོན་སྒྲ་འཇུག་ཐེངས་10གྲངས་བྱས་རྗེས་གཞི་ནས་པད་མ་ལྷག་སྒྲོན་གྱི་བློ་ལ་འབབ་ཀྱི་ཡོད་པར་བརྟེན་སྤྱིར་བཏང་ལས་ཀ་ཚར་དུས་ཕྱི་པོ་ཆགས་ཀྱི་ཡོད། 

    དེ་ལྟར་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ནང་དོན་ཟབ་ལ་དམངས་སེམས་དང་མཐུན་པའི་མོན་སྐད་ཀྱི་ཏང་གི་ལོ་རྒྱུས་སྐོར་གྱི་སྒྲ་འཇུག་རབ་དང་རིམ་པ་བཟོས་པ་ལས་གྲོང་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་དང་། མོན་སྐད་ཀྱི་ཏང་གི་ལོ་རྒྱུས་གཏམ་རྒྱུད་ཐུང་ངུའི་སྒྲ་འཇུག་རབ་དང་རིམ་པར་ཡང་ཤང་ཏང་ཨུད་ཀྱི་ཚད་མཐོའི་ཁས་ལེན་ཐོབ་པ་མ་ཟད། དུས་ཐེངས་ཚང་མ་བདེ་ཞིང་ཤང་གི་སྤྱི་རྟགས《བདེ་ཞིང་སྐར་ཁུང་གསར་པར》བརྒྱུད་སྤེལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་དཔྱད་གཞི་ཤང་ཡོངས་ལ་མཉམ་སྤྱོད་དང་ཤང་ཡོངས་ལ་ཁྱབ་པར་བྱས་ཤིང་། གསར་གཏོད་ཀྱི་བྱེད་ཐབས་དེས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུར་ཡོངས་ཁྱབ་ཏུ་གནས་པའི“མི་ཤེས་པ་གསུམ”(ཡིག་ངོ་མི་ཆོད་པ་དང་། ཀློག་མི་ཤེས་པ། འབྲི་མི་ཤེས་པ)གྱི་མང་ཚོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བྱ་ཐབས་གསར་པ་དང་དོན་དངོས་ལ་ལྟ་རྟོག་དང་གྲོང་ཚོའི་གནས་ཚུལ་དངོས་དང་འཚམ་པའི་ཐབས་ལམ་གསར་པ་རྙེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མི་སེམས་སུ་གཏིང་ཟབ་ཟུག་པའི་ཕན་འབྲས་གསར་པ་ཐོན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།