རྩྭ་ཆུ་བཟང་བའི་རྒྱལ་ཆེན་ཤང་དེ་སོག་རྫོང་དང་བར་ཐག་སྤྱི་ལེ་90ལྷག་ཙམ་གྱི་སར་གནས་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་མང་ཚོགས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྲིད་ཇུས་དང་ལེན་ཧུར་ཐག་ཞུས་པའི་ཁར། ས་གནས་དེ་གའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རིག་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་ཕྱུག་འགྱུར་ལམ་བུ་ཞིག་བཏོད་ཡོད།
དགུན་དུས་ཀྱི་ཞོགས་པ་གྲང་ངར་ཤིན་ཏུ་ཆེ། ནམ་ལངས་མ་ཐག་རྒྱལ་ཆེན་ཤང་དབུས་པ་གྲོང་ཚོའི་གྲོང་མི་དར་མཚོས་རྒྱུན་གཏན་ལྟར་རང་ཁྱིམ་དུ་གསོ་ཚགས་བྱས་པའི་འབྲི་གཡག་70ལ་གཟན་རྩྭ་གྲ་སྒྲིག་བྱེད་པ་དང་། ཕྱུགས་་ཚང་གཙང་སྦྲ་བྱེད་པ། འོ་མ་འཇོ་བ་སོགས་ཀྱི་ལས་ལ་བྲེལ།
དེ་སྔོན་ཕྱུགས་རིགས་བཤས་གཏོང་མི་ཕོད་པ་དང་འཚོང་མི་ཕོད་པའི་རྙིང་ཞེན་བག་ཁུམ་གྱི་བསམ་བློའི་ཤུགས་རྐྱེན་ཐེབས་སྟབས། ལོ་ལྟར་དབྱར་རྩྭ་དགུན་འབུ་འཐུ་བའི་ཡོང་འབབ་ཁོ་ནར་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད་པ་ལས། སོ་སོས་གསོ་ཚགས་བྱས་པའི་འབྲི་གཡག་70ལྷག་ཙམ་གྱིས་ཁྱིམ་དུ་མཁོ་བའི་མར་དང་། ཞོ། འོ་མ་སོགས་རང་མཁོ་རང་གསོ་ཐུབ་པ་ཙམ་ལས་མེད་ལ་དཀར་ཆུའི་ཐོན་རྫས་དང་འབྲི་གཡག་བཙོངས་ནས་ཁྱིམ་གྱི་ཡོང་བབ་མང་དུ་གཏོང་རྒྱུའི་བསམ་བློ་དེ་བས་གཏོང་མྱོང་མེད།
ཉེ་བའི་ལོ་ཤས་རིང་། སོག་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་རྒྱལ་ཆེན་ཤང་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ཁྲོད་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ལ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་རྟེན་དྲགས་པ་དང་། “ཕྱུགས་རིགས་བཤས་གཏོང་མི་ཕོད་པ་དང་འཚོང་མི་ཕོད་པ” “སྒུག་རྟེན་སློང”གསུམ་སོགས་ཀྱི་བསམ་བློ་དེ་འབྲི་གཡག་གསོ་ཚགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུའི་བསམ་བློར་འགྱུར་བ་གཏོང་བའི་ཁྲིད་སྟོན་རིམ་གྱིས་བྱས་ཡོད།
“ཏང་གི་བཀའ་དྲིན་འོག སློབ་སྦྱོང་སློབ་གསོ་དང་ཚོད་ལྟ་བྱས་པ་བརྒྱུད། ང་ཚོས་སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་སྟངས་ལ་འགྱུར་ལྡོག་བཏང་བ་སྟེ། རང་ཁྱིམ་དུ་ཚགས་ཤ་དང་། མར། ཕྱུར་བ་སོགས་སྤྱོད་རྒྱུ་ངེས་ཅན་ཞིག་འཇོག་པ་ཕུད། དེ་བྱིངས་རྫོང་གྲོང་དུ་འཚོང་བར་འགྲོ་གི་ཡོད། འདི་ལོ་བཤས་བཏང་བའི་འབྲི་གཡག་ཆེ་རིགས་ལ་སྒོར་ཁྲི་གཉིས་ལྷག་ཙམ་དང་ཆུང་རིགས་ལ་སྒོར་ཁྲི་1ལྷག་ཙམ་རག་པ་མ་ཟད། ད་དུང་མར་དང་ཕྱུར་བ་བཙོངས་པའི་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་། ང་ཚོའི་འཚོ་བར་དངོས་གནས་འགྱུར་ལྡོག་ཆེན་པོ་ཕྱིན་་སོང་། དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན”ཞེས་དར་མཚོས་བཤད།
ཡོང་འབབ་མང་དུ་སོང་བ་ལས་ལྟ་བར་འགྱུར་ལྡོག་བཏང་བ་ནི་འགྲིག་པ་ཞིག་ཡིན་པ་ཚོར་ལ། དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱ་རྒྱུའི་སེམས་ཤུགས་ཀྱང་འཕེལ། ད་ཆ་དར་མཚོ་ནང་ཚང་གི་འཚོ་བ་འབེལ་འབེལ་ལྷུག་ལྷུག་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་དང་སྐྱོད་བཞིན་མཆིས།