དབུ་ཤོག>ཞིང་འབྲོག་གསར་པ།
  • ཕུར་བུ་ཚེ་རིང་གི་ལས་གཏོད་ཕུགས་བསམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-17

    ལས་སྒོ་འཕེལ་རྒྱས་གཏན་འཇགས་བྱུང་བ་དང་ཆབས་ཅིག ཕུར་བུ་ཚེ་རིང་གིས་དངུལ་བུན་སྐོར་གྱི་སྲིད་ཇུས་བློ་འདྲིའི་ལས་ལ་བྲེལ་ཞིང་། དངུལ་བུན་གཡར་ཏེ་གཉེར་སྐྱོང་བྱེད་རྒྱ་ཆེ་རུ་དང་གཉེར་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་ནས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།

    “འཕྱོངས་རྒྱས་རྫོང་མི་སྤྱི་ཅུས་ཀྱིས་ངའི་གནས་ཚུལ་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་དངུལ་བུན་གྱི་གཟིགས་སྐྱོང་སྲིད་ཇུས་དང་མཐུན་པས། ང་རང་ལ་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་རོགས་བྱེད་ཆོག་ཅེས་གསུངས་ཀྱི་འདུག ད་བྱེད་དུས་རང་ཉིད་ཀྱིས་ཐོག་མར་ལས་གཏོད་བྱ་རྒྱུའི་གདམ་ག་བྱས་པ་དེ་འགྲིག་འདུག”ཅེས་ཕུར་བུ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།

    ཕུར་བུ་ཚེ་རིང་གིས་གསར་འགོད་པར་ང་རང་ལས་གཏོད་བྱས་ནས་ལོ་3ཕྱིན་སོང་ཞེས་བཤད།

    2015ལོར། ཕུར་བུ་ཚེ་རིང་བོད་ལྗོངས་སློབ་ཆེན་གྱི་བོད་སྐད་སྙན་སྒྲོན་དང་གཙོ་སྐྱོང་ཆེད་ལས་ནས་ཐོན་ཞིང་། སློབ་གྲྭ་ཐོན་རྗེས་ཁོང་གིས་གཞུང་ལས་པའི་ཡིག་རྒྱུགས་ནང་ཞུགས་མྱོང་བ་དང་ལྷོ་ཁ་བརྙན་འཕྲིན་ལས་ཁུངས(ད་ལྟ་ལྷོ་ཁ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས)སུ་བོད་སྐད་སྙན་སྒྲོན་གཙོ་སྐྱོང་པ་དང་བོད་སྐད་གསར་འགྱུར་གྱི་རྩོམ་སྒྲིག་པའི་ལས་ཀ་བྱེད་མྱོང་ཡོད། སྐབས་དེ་དུས་ཁོང་གིས་ལས་ཞོར་དུ་བརྡ་ཁྱབ་ཀུང་སིར་བོད་སྐད་བརྡ་ཁྱབ་ཕབ་འཇུག་དང་བོད་རྒྱ་ཡིག་སྒྱུར་སོགས་ཀྱི་ལས་ཀ་བྱེད་མྱོང་ཡོད།

    ཉམས་མྱོང་མང་པོ་གསོག་འཇོག་ཐུབ་རྗེས་ཕུར་བུ་ཚེ་རིང་ལ་ལས་གཏོད་བྱ་རྒྱུའི་བློ་ཞིག་སྐྱེས། ཁོང་གིས“བརྡ་ཁྱབ་སྨྱན་སྦྱོར་དང་ལྷག་པར་དུ་བོད་རྒྱ་ཡིག་སྒྱུར་གྱི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་འདུག རང་ཉིད་ལ་དེའི་ཐད་ཀྱི་དགེ་མཚན་ལྡན་པས་ཚོད་ལྟ་ཞིག་བྱ་རྒྱུའི་བསམ་བློ་འཁོར་བྱུང་། མ་ཟད་ཏང་དང་སྲིད་གཞུང་གིས་སློབ་གྲྭ་ཆེ་མོ་བར་ལས་གཏོད་བྱ་རྒྱུར་སྐུལ་ལྕག་གཏོང་ཆེད་གཟིགས་སྐྱོང་སྲིད་ཇུས་མང་དག་ཅིག་ཀྱང་བཟོས་ཡོད་པས། ལོ་ན་གཞོན་དུས་དཀའ་བ་མ་སྤྱད་པར་གོ་སྐབས་ཤོར་ཚེ་རྒས་དུས་འགྱོད་པ་སྐྱེ་རྒྱུ་ཉག་ཅིག་རེད”ཅེས་བཤད།

    2019ལོར། བསམ་བློ་ཞིབ་ཚགས་བཏང་བ་བརྒྱུད། ཕུར་བུ་ཚེ་རིང་གིས་ཕ་ཡུལ་འཕྱོངས་རྒྱས་ལ་ལོག་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཕུར་བུ་ཚེ་རིང་གིས་འཕྱོངས་རྒྱས་རྫོང་གི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་རྟེན་གཞིར་བརྡ་ཁྱབ་སྨྱན་སྦྱོར་ལས་དོན་ཁང་ཞིག་བཙུགས།

    “སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་བྱེད་འགོ་འཛུགས་པའི་དངུལ་སྒོར་ཁྲི་5ཡི་ཐོག་ངས་ལོ་དེ་དག་རིང་བསགས་པའི་དངུལ་ཡོངས་རྫོགས་བཏང་ནས་ལས་གཏོད་ལམ་བུར་ཞུགས་པ་ཡིན”ཞེས་དང“གཞན་ཡང་འཕྱོངས་རྒྱས་རྫོང་གིས་ལས་གཏོད་དངོས་སྦྱོང་རྟེན་གཞི་ནས་ལས་གཏོད་བྱ་ཡུལ་རིན་མེད་ངང་མཁོ་འདོན་གནང་བ་མ་ཟད། ལོ་5ཡི་རིང་གི་ཁང་གླ་དང་། ཆུ་རིན། གློག་རིན་བཅས་ཀྱང་རྩ་ཆག་བཏང་གནང་བྱུང”ཞེས་ཕུར་བུ་ཚེ་རིང་གིས་བཤད།

    ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་ནུས་ལྡན་བྱས་པར་བརྟེན་ཕུར་བུ་ཚེ་རིང་གི་ལས་གཏོད་ཀྱི་ཡིད་ཆེས་ཀྱང་དེ་བས་ཆེ་རུ་ཕྱིན་ཞིང་། ཁོང་གིས“དེ་གོང་ཚོང་ཁང་བོགས་མར་ལེན་ཆེད་མ་དངུལ་མང་པོ་ཉར་ཡོད། ད་ལྟ་ཁང་གླ་སོགས་རྩ་ཆག་བཏང་གནང་བས་ལས་གཏོད་ཀྱི་ཁུར་པོ་ཡང་དུ་ཕྱིན་སོང”ཞེས་བཤད།

    ལས་དོན་ཁང་བཙུགས་རྗེས་ལས་སྒོ་གང་མགྱོགས་གཉེར་བ་དང་ལས་ཀ་རག་ཐབས་བྱ་ཆེད། ཕུར་བུ་ཚེ་རིང་གིས་ད་ཡོད་ཀྱི་ལས་ཀ་ཡག་པོ་སྒྲུབ་པའི་ཞོར་དུ་གང་སར་ལས་ཀ་འཚོལ་བར་བསྐྱོད། ཁོང་གིས་ཧ་ལམ་འཕྱོངས་རྒྱས་རྫོང་གི་ཤང་དང་། གྲོང་རྡལ། གྲོང་ཚོ(གྲོང་ལྷན)བཅས་ཚང་མར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་ལས་དོན་ཁང་ངོ་སྤྲོད་ཀྱིས་ལས་སྒོ་བརྩོན་ལེན་བྱས།

    ལས་ཀ་ཆུང་ཙག་དང་གཞན་གྱིས་བྱེད་མི་འདོད་པའི་ལས་ཀ་ནས་བྱེད་འགོ་བཙུགས་ཏེ་ཕུར་བུ་ཚེ་རིང་གི་ལས་ཀའི་སྤུས་ཚད་ལེགས་པ་དང་ཞབས་ཞུའི་རྣམ་འགྱུར་ལེགས་པའི་དབང་གིས་སྐུ་མགྲོན་གྱི་དགའ་བསུ་ཐོབ་པ་དང་འབྲེལ་ལས་ཀའང་མང་པོ་རག 

    ད་ལྟ་ཁོང་གིས་དངུལ་བུན་གཡར་ནས་གཉེར་སྐྱོང་བྱེད་རྒྱ་ཆེ་རུ་དང་གཉེར་སྐྱོང་འཇོན་ཐང་ཆེ་རུ་གཏོང་རྩིས་བྱེད་ཀྱི་ཡོད། འཕྱོངས་རྒྱས་རྫོང་མི་སྤྱི་ཅུས་ཀྱིས་ཁོང་ལ་དངུལ་བུན་གྱི་དཀའ་གནད་ཐག་གཅོད་བྱས་པས་ཁོང་གིས“གོ་ཆོད་མི་སྣ”འགུག་ཐབས་ཀྱི་ལས་ལ་བྲེལ།

    “དེ་གོང་གི་ལས་སྒོ་ཡག་པོ་སྒྲུབ་པ་ཕུད། ངས་ད་དུང་འགེལ་རིས་ཚོང་ཁང་ཞིག་བཙུགས་ཏེ། གཉེར་སྐྱོང་བྱེད་རྒྱ་ཆེ་རུ་དང་ལས་དོན་ཁང་གི་རྒྱ་སྟོབས་ཆེ་རུ་བཏང་ནས་གཞོན་ནུ་དེ་བས་མང་བ་བསྡུ་རྩིས་ཡོད”ཅེས་འབྱུང་འགྱུར་གྱི་སྐོར་གླེང་སྐབས་ཕུར་བུ་ཚེ་རིང་ལ་ཡིད་ཆེས་ཀྱིས་ཁེངས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།