དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་གྱིས་འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པར་སྤྲོད་གཅིག་མར་ཁ་གསབ་དངུལ་སྒོར་ཁྲི་444སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-17

    ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ཞིང་ལས་རྒྱུ་ཆའི་རིན་གོང་འཕར་བ་དེས་ཞིང་པས་འབྲུ་རིགས་འདེབས་པའི་ཡོང་འབབ་ལ་ཤུགས་རྐྱེན་མི་ཐེབས་པ་བྱས་ཏེ། ཞིང་པའི་ཡོང་འབབ་བརྟན་དུ་དང་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་ཆེ་རུ་གཏོང་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པར་སྤྲོད་གཅིག་མར་སྤྲོད་པའི་ཁ་གསབ་དངུལ་སྒོར་ཁྲི་444རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལྷ་ས་གྲོང་ཁྱེར་ལ་སྤྲད་ནས། ལྷ་ས་གྲོང་ཁྱེར་གྱི་མུའུ་ཁྲི་41.33གྱི་ནས་དང་། གྲོ སྲན་མ་བཅས་འདེབས་རྒྱུར་ཁ་གསབ་བྱས་པས། ཞིང་ལས་རྒྱུ་ཆའི་རིན་གོང་འཕར་བ་ལས་ཞིང་པའི་འབབ་འཕར་ཐད་ཐེབས་པའི་ཤུགས་རྐྱེན་ཆུང་དུ་ཕྱིན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པར་སྤྲོད་གཅིག་མའི་ཁ་གསབ་དངུལ་སྤྲོད་ཡུལ་གཙོ་བོ་ནི་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་ནས་དང་། གྲོ ཆུ་འབྲས་སོགས་འབྲུ་རིགས་འདེབས་མཁན་གྱི་འདེབས་ཁྱོན་དངོས་དེ་ཁ་གསབ་རྩིས་རྒྱག་གི་ཚད་གཞིར་བཟུང་བ་དང་། སྤྲོད་གཅིག་མའི་ཁ་གསབ་དངུལ་སྤྲོད་ཡུལ་ནི་འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པ་ཡིན་ཞིང་། དེའི་ནང་འགན་གཙང་བླངས་ནས་ས་ཞིང་འདེབས་མཁན་གྱི་ཞིང་པ་དང་། བརྒྱུད་བཤུག་བཏང་ནས་ས་ཞིང་འདེབས་མཁན་གྱི་ཞིང་དུད་ཆེན་པོ། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་དག་ཚུད་ཡོད། འབྲུ་རིགས་རྨོ་འདེབས་བསྡུ་གསུམ་གྱི་གོ་རིམ་ཧྲིལ་པོ་སྤྱི་ཚོགས་ཅན་དུ་འགྱུར་རྒྱུར་ཞབས་འདེགས་ཞུ་མཁན་གྱི་མི་སྒེར་དང་རྩ་འཛུགས་ལ་ཆ་མཚོན་ན། ཞབས་ཞུ་སྒྲུབ་མཁན་ཕྱོགས་གཉིས་པོའི་གན་རྒྱ(གྲོས་མཐུན)ལྟར་གྲོང་ཁྱེར(ས་ཁུལ)ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁ་གསབ་སྤྲོད་ཡུལ་གཏན་འཁེལ་བྱེད་པ་དང་། ས་ཞིང་བརྒྱུད་བཤུག་བཏང་ནས་འདེབས་མཁན་གྱི་མི་སྒེར་དང་རྩ་འཛུགས་ལ་ཆ་མཚོན་ན། བརྒྱུད་བཤུག་གན་རྒྱ(གྲོས་མཐུན)ལྟར་ཁ་གསབ་དངུལ་སྤྲོད་ཡུལ་གཏན་འཁེལ་བྱེད་དགོས།

    ལས་དོན་དེ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པར་སྤྲོད་གཅིག་མར་ཁ་གསབ་དངུལ་སྤྲོད་པའི་ལས་དོན་དེ་གཙོ་བོར་བརྩིས་ཏེ། རྫོང(ཆུས)ཁག་གིས་ཇུས་གཞིའི་བླང་བྱ་ལྟར་ལག་བསྟར་ནན་པོ་བྱ་རྒྱུར་སྐུལ་འདེད་དང་གཏན་འབེབས་དུས་བཅད་ནང་ཁ་གསབ་དངུལ་དག་འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པར་སྤྲོད་དགོས་པ་མ་ཟད། རྫོང(ཆུས)ཁག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཉིན་རེའི་བཀོད་གཏོང་གི་ལྟ་སྐུལ་ལམ་སྲོལ་བཙུགས་ནས། མ་དངུལ་གཏོང་སྤྲོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་འབྲེལ་ལག་བསྟར་བྱེད་རིང་འཕྲད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གཞི་རིམ་གྱི་ནོར་སྲིད་དང་ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱི་མཉམ་ལས་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་གྱིས་ཁ་གསབ་དངུལ་ཚང་མ་དོན་འཁྱོལ་བྱེད་པའི་ལས་དོན་ལེགས་སྒྲུབ་ཟིན་ནས། འབྲུ་རིགས་འདེབས་མཁན་ཞིང་པ་དུད་ཚང་ཁྲི་3.25ལ་ཕན་པ་ཐོབ་སྟེ་འབྲུ་རིགས་དངོས་སུ་འདེབས་མཁན་ཞིང་པར་སྤྲོད་གཅིག་མར་སྤྲོད་པའི་ཁ་གསབ་དངུལ་སྒོར་ཁྲི་444ཚད་གཞི་དང་མཐུན་པའི་ཞིང་པར་རག་པའི་འགན་ལེན་ནུས་ལྡན་གྱིས་ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། ཞིང་པའི་ཡོང་འབབ་བརྟན་པོ་ཡོང་བ་དང་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་ཆེ་རུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།