སྟོན་དུས་ཀྱི་རྒྱ་ཚ་ནི་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ་པ་དང་ལོ་ལེགས་ཀྱི་དགའ་སྤྲོས་ཞིང་འབྲོག་མང་ཚོགས་ཚོའི་ངོ་གདོང་ནས་འཛུམ་མདངས་འཕྱུར།
ཉེ་ཆར། གསར་འགོད་པ་རྒྱ་ཚ་རྫོང་གླིང་མདའ་ཤང་སྐམ་པོ་བྱེ་ཐང་གྲོང་ཚོར་འབྱོར་སྐབས་གྲོང་ཚོ་དེའི་མང་ཚོགས་ཚོ་ཤིང་ཏོག་ལན་མེ་བསྡུ་བཞིན་འདུག སྐམ་པོ་བྱེ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་ཤེས་རབ་ཀྱིས་མིག་སྔར་གྲོང་ཚོར་ཤིང་ཏོག་ལན་མེ་མུའུ་78བཏབ་སྟེ་མི་3ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དུད་ཚང་133ལ་ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5000བཏོད་ཡོད་ཅེས་ངོ་སྤྲོད་བྱས།
སྐམ་པོ་བྱེ་ཐང་གྲོང་ཚོ་ནི་རྒྱ་ཚ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་སྔ་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། 2012ལོར་གྲོང་ཚོ་དེས་ཤིང་ཏོག་ལན་མེ་ཚོད་འདེབས་བྱེད་འགོ་ཚུགས།
སྐམ་པོ་བྱེ་ཐང་གྲོང་ཚོའི་ཤིང་ཏོག་ལན་མེ་འཕེལ་རྒྱས་བཏང་བའི་སྐོར་གླེང་སྐབས། གྲོང་ཚོ་དེའི་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་ངང་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བག་གྲོའི་སྐོར་གླེང་གི་ཡོད། ཀརྨ་ཤེས་རབ་ཀྱིས“2012ལོར་ཧྲུའུ་ཅི་བག་གྲོས་བློ་ཁོག་ཆེན་པོས་སི་ཁྲོན་ནས་ལག་རྩལ་མཁས་པ་5གདན་དྲངས་ཏེ་ཚང་མའི་སྣེ་ཁྲིད་ནས་ཤིང་ཏོག་ལན་མེ་བཏབ་པ་རེད། ཁོང་མེད་ཚེ་ང་ཚོའི་ད་ཆའི་འཚོ་བ་ཡོང་མི་སྲིད”ཅེས་བཤད།
མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་བྱ་ཆེད། བག་གྲོས་སྣེ་ཁྲིད་དེ་རང་ཁྱིམ་གྱི་འགན་གཙང་བླངས་པའི་ས་ཞིང་མུའུ་6བརྒྱུད་བཤུག་གིས་ཤིང་ཏོག་ལན་མེ་བཏབ་པ་རེད། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོས་བསྡོམས་ས་ཞིང་མུའུ་20.03བརྒྱུད་བཤུག་གིས་ཤིང་ཏོག་ལན་མེ་ཚོད་འདེབས་བྱས། ཀརྨ་ཤེས་རབ་ཀྱིས“དེ་ཙམ་མ་ཟད། ཚོད་འདེབས་ལེགས་གྲུབ་བྱུང་རྗེས་ཧྲུའུ་ཅི་བག་གྲོས་རང་འགུལ་ངང་མུའུ་རེའི་བརྒྱུད་བཤུག་དངུལ་སྒོར་1350ནས་སྒོར་1000བར་བཅག་པ་དང་། ཁོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཕུགས་ལ་དམིགས་དགོས་པ་ལས་མིག་མདུན་ཁོ་ནར་བལྟ་རྒྱུ་མེད་ཅེས་བརྗོད་ཀྱི་ཡོད”ཅེས་བཤད།
རང་འཁྲིའི་ལས་གནས་ཐོག་བྱས་རྗེས་ཕུལ་བྱུང་བཞག་པར་བརྟེན་མིག་སྔར་བག་གྲོ་ཤང(གྲོང་རྡལ)གི་གཞུང་ཞབས་པར་འགྱུར་ནས་གླིང་མདའ་ཤང་དུ་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་ས་གནས་དེ་གའི་མང་ཚོཌ་ཚོས་སྔར་བཞིན་ཁོང་ལ“ཧྲུའུ་ཅི་བག་གྲོ་ལགས”ཞེས་འབོད་ཀྱི་ཡོད།
འདི་ལོ་ལོ་61ལ་སླེབས་པའི་བསྟན་འཛིན་2015ལོ་ནས་བཟུང་སྐམ་པོ་བྱེ་ཐང་གྲོང་ཚོའི་ཤིང་ཏོག་ལན་མེའི་རྟེན་གཞིའི་དོ་དམ་པ་བྱས་པ་དང་ཟླ་རེར་གླ་ཆ་སྒོར་3000ཡོད་པ་རེད། སྐམ་པོ་བྱེ་ཐང་གྲོང་ཚོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་དང་བདེན་དཔང་བ་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་བགྲེས་སོང་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས“ཤིང་ཏོག་ལན་མེ་བཏབ་ཚེ་ནས་དང་གྲོ་བཏབ་པ་ལས་ཀྱང་ཡོང་འབབ་མང་བ་ཡོད། སྔོན་ཆད་ནས་དང་གྲོ་བཏབ་ཚེ་ལྟོ་གོས་ཀྱི་གནད་དོན་ལས་ཐག་གཅོད་ཐུབ་ཀྱི་མེད། ད་ཆ་ཤིང་ཏོག་ལན་མེ་བཏབ་པ་དེས་ཐད་ཀར་དངུལ་སྨར་ཡོང་འབབ་ཡོད་པས་ཚང་མས་ཡག་པོ་འདུག་ཟེར་གྱི་འདུག”ཅེས་བཤད།
2012ལོར་ཚོད་འདེབས་བྱས་པ་དང་2018ལོ་ནས་བཟུང་བགོ་འགྲེམས་བརྒྱབ་པས་རྟེན་གཞི་ནས་གྲོང་ཚོའི་མང་ཚོགས་དོན་མཁན་གཅིག་ཀྱང་བྱུང་མྱོང་མེད། ཀརྨ་ཤེས་རབ་ཀྱིས“ཐོག་མར་ང་ཚོས་མང་ཚོགས་སྒྲིག་འཛུགས་བྱས་ནས་མ་རྐང་གཅིག་ལ་སྒོར་ཁྲི་1སྤྲད་དེ་མ་རྐང་ནང་ཞུགས་སུ་བཅུག་པ་དང་། ད་ཆ་ང་ཚོས་རྐང་དངུལ་ཚང་མ་མང་ཚོགས་ལ་ཕྱིར་སློག་ཡོད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ང་ཚོ་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཡོད། ད་ཆ། གྲོང་ཚོའི་དུད་ཚང་ཚང་མ་མ་རྐང་འཇོག་མཁན་ཤ་སྟག་ཡིན་པས་དུད་ཚང་ཚང་མར་བགོ་འགྲེམས་ཡོད”ཅེས་བཤད།
ཡོང་འབབ་བགོ་འགྲེམས་ཕུད། ད་དུང་ཤིང་ཏོག་ལན་མེའི་རྟེན་གཞིས་གྲོང་ཚོའི་མང་ཚོགས་ལ་ཐག་ཉེ་སར་འབབ་འཕར་ཡོང་བའི་གོ་སྐབས་སྤྲད་ཡོད། ཤིང་ཏོག་ལན་མེའི་རྟེན་གཞིར་རྩྭ་ངན་བཀོག་པ་དང་། ཆུ་གཏོང་བ། ལུད་རྒྱག་པ། འབྲས་བུ་འཐུ་བ་སོགས་ལ་ཆུ་ཚོད་རེར་ཡོང་འབབ་སྒོར་10ལས་མེད་མོད། འོན་ཀྱང་ཚང་མས་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡོད།
ཟླ་7ཚེས་19ཉིན། མང་ཚོགས་9ཡིས་ཤིང་ཏོག་ལན་མེའི་རྟེན་གཞིར་ཤིང་ཏོག་ལན་མེ་འཐུ་བཞིན་ཡོད་པ་དང་ཀརྨ་ཆོས་སྒྲོན་ནི་དེའི་གྲས་ཤིག་རེད། ཁོང་གིས་གསར་འགོད་པར“གྲོང་ཚོས་ཆེད་མངགས་འདི་གར་ལས་ཀ་བྱེད་པར་གཏོང་གི་ཡོད་པས་སུ་བཏང་རུང་མ་འགྲོ་རང་འགྲོ་རེད། མང་ཚོགས་ལ་དཔེ་སྟོན་བྱ་ཆེད། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཡོང་གི་ཡོད། ཤིང་ཏོག་ལན་མེའི་རྟེན་གཞི་འཕེལ་རྒྱས་ཡག་པོ་གཏོང་ཆེད་ཚང་མས་གླ་ཆར་མི་བལྟོས་པར་འབྱུང་འགྱུར་གྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད”ཅེས་བཤད།
སྐམ་པོ་བྱེ་ཐང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག་2020ལོར་གྲོང་ཚོ་དེའི་ཤིང་ཏོག་ལན་མེའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་20ཟིན་ཡོད།
2017ལོར་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག གྲོང་ཚོ་དེས་རྒྱ་ཚ་རྫོང་གངས་ལྗོངས་ཀུན་འཕེལ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་དང་འབྲེལ། “བོད་ཀྱི་ཤིང་ཏོག་ལན་མེའི”ཚོང་རྟགས་ཐོ་འགོད་ཀྱང་བྱས་པ་རེད། ཀརྨ་ཤེས་རབ་ཀྱིས“ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན། མིག་སྔར་ང་ཚོས་བཏབ་པའི་ཤིང་ཏོག་ལན་མེ་ཁྲེང་ཏུའི་འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་སྒྲིག་གཞིར་ཞིབ་དཔྱད་ཚད་ལེན་བྱེད་པར་བསྐྱལ་ཡོད། ཞིབ་དཔྱད་ཚད་ལེན་བྱས་འབྲས་ཐོན་རྗེས་ང་ཚོའི་ཤིང་ཏོག་ལན་མེའི་ཁྲོམ་རའི་འགྲན་རྩོད་ནུས་པ་དེ་བས་ཆེ་རུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།
མིག་སྔར་གྲོང་ཚོ་དེས་འདེབས་འཛུགས་བྱས་པའི་ཤིང་ཏོག་ལན་མེ་རྒྱ་ཚ་རྫོང་གྲོང་དང་། ལྷོ་ཁ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་སོགས་སུ་འཚོང་གི་ཡོད་པ་མ་ཟད། ད་དུང་མཁོ་མང་གཏོང་ཉུང་གི་རྣམ་པའང་ཐོན་ཡོད། “ཤིང་ཏོག་ལན་མེ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ང་ཚོར་ཡིད་ཆེས་ཆེན་པོ་ཡོད”ཅེས་དང་། འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་ཀརྨ་ཤེས་རབ་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན“ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་མང་ཚོགས་ཀྱི་ཡིད་ཆེས་ཡོད་པ་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད།
ཁྱད་ལྡན་ཐོན་ལས་ཀྱིས་ཞིང་པ་ཕྱུག་པོར་གྱུར། ཤིང་ཏོག་ལན་མེ་མུའུ་70བཏབ་པ་ཕུད། ད་དུང་གྲོང་ཚོས་སྟར་ཁ་མུའུ་70དང་དཔལ་འབྱོར་ནགས་ཤིང་མུའུ་50བཏབ་ཡོད། ཤིང་ཏོག་ལན་མེ་དང་སྟར་ཁ་སོགས་ཕྱིར་ཚོང་བྱེད་ཚད་ལོ་རེ་བཞིན་མང་དུ་འགྲོ་བ་དང་བསྟུན་ནས་གྲོང་ཚོའི་མང་ཚོགས་ཚོས་ཁོང་ཚོའི་འཚོ་བ་དེ་བས་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།