ན་སོ་གཞོན་ཡང་སེམས་ཤུགས་ཆེ།
སློབ་ཆེན་པའི་བྱ་གཞག་གསར་གཏོད་མཁན་དབང་ཕྱུག་གི་སྐོར་བཀོད་པ།
གསར་འགོད་པས་དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་ཚོད་དང་བསྟུན་ནས་གྲ་ནང་རིག་པའི་འབྱུང་གནས་སུ་སློབ་ཆེན་སློབ་མས་བྱ་གཞག་གསར་གཏོད་བྱེད་ཚུལ་སྐོར་གྱི་གནས་ཚུལ་ལ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། བོད་ཀྱི་གཏམ་དཔེར། ཕྱི་རྫིག་པ་ལས་ནང་སྣུམ་པ་དགའ་ཟེར་བ་ཇི་བཞིན། བྱ་གཞག་གསར་གཏོད་པ་དབང་ཕྱུག་ནི་བབ་ཆགས་ཤིང་། བལྟས་པ་ཙམ་གྱིས་འཚབ་འཚུབ་མེད་པར་ལྷིང་པོ་ཡོད་པའི་ཚོར་བ་ཟབ་མོ་བྱུང་།
འདི་ནི་དབང་ཕྱུག་གིས་ལས་ཀའི་བར་གསེང་དུ་ཀློག་དེབ་ལྟ་བའི་གནས་ཚུལ་ཡིན་པ།
ད་ལོ་ལོ་23ལ་སོན་པའི་བྱ་གཞག་གསར་གཏོད་ཀྱི་ལམ་བུར་ཞུགས་མཁན་དབང་ཕྱུག་ནི་གྲ་ནང་རྫོང་དཀྱིལ་རུ་ཤང་བྲོ་ཡུལ་གྲོང་ཚོ་ནས་ཡིན་པ་དང་། 2018ལོར་ཧུའུ་ནན་མདོག་ལྡན་ལྕགས་རིགས་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་གྲྭ་ཐོན་ཡོད་པ་རེད། ཁོང་སློབ་གྲྭ་ཐོན་ནས་སྤྱི་ཚོགས་ཐོག་སླེབས་རྗེས། རང་གི་མོས་པ་ཇི་བཞིན་བྱ་གཞག་གསར་གཏོད་ཀྱི་ལམ་བུར་ཞུགས། ཁོང་གི་བྱ་གཞག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་དུས། ས་གནས་དེ་གའི་མང་ཚོགས་ཀྱིས་མཐེ་བོང་བསྒྲེངས་ནས་ཁོང་ལ་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད་པ་རེད། ད་ཆ། ཁོང་གྲ་ནང་རྫོང་དུ་བྱ་གཞག་གསར་གཏོད་བྱེད་མཁན་ཚོའི་མིག་དཔེ་ལྟ་སར་འགྱུར་ཡོད་པས། གཞོན་སྐྱེས་མང་པོས་ཁོང་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དབང་ཕྱུག་གིས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་གྲ་ནང་དུ་ལོག་ནས་བྱ་གཞག་གསར་གཏོད་ཀྱི་ལམ་བུར་ཞུགས་པ་དང་། སློབ་ཆེན་སློབ་མ་རང་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་དང་པོར་གྱུར་བས་གྲ་ནང་རྫོང་དུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
དབང་ཕྱུག་སློབ་གྲྭར་འགྲོ་སྐབས། སློབ་མ་གཞན་དང་མི་འདྲ་བར་བསམ་ཤེས་བྱེད་ཤེས་མཁན་ཞིག་ཡིན་པས། དབང་ཕྱུག་གིས་བྱ་བ་གང་བསྒྲུབས་ཀྱང་ནང་མི་ཚོས་ཁོང་ལ་ཡིད་ཆེས་བྱས་ནས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སྔོན་ཆད་ཁོང་གི་ཁྱིམ་ཚང་གི་འཁོས་ཀ་ཞན་ཙམ་ཡོད་པས། ཁོང་གིས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་བ་དང་། རང་ཉིད་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་ཡོང་ཆེད། མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་སུ་ནང་མི་ཚོར་རང་ཉིད་ཞོར་ལས་ལ་འགྲོ་འདོད་ཡོད་ཚུལ་བཤད་ནས། མགྲོན་ཁང་སོགས་སུ་ཞོར་ལས་བྱས་ཏེ་ཡོང་འབབ་གསོག་གི་ཡོད་པ་རེད། མཐོ་རྒྱུགས་སྐབས་བདེ་བླང་ངང་ཧུའུ་ནན་མདོག་ལྡན་ལྕགས་རིགས་ལས་རིགས་ལག་རྩལ་སློབ་གླིང་དུ་ཚུད་པ་དང་། དེ་གར་ཁོང་གིས་བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་ནས་རིག་པའི་གནས་ལ་ལེགས་པར་གཞོལ། དུས་རྒྱུན་སློབ་གྲྭའི་ནང་འགྲོ་གྲོན་ཆེ་བས། ཁོང་གིས་དབྱར་སེང་དང་དགུན་སེང་སྐབས་ཕ་ཡུལ་དུ་ལོག་རྗེས་ཚོང་ཙག་ཙིག་བརྒྱབ་ནས་རང་ཉིད་ཀྱི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་བསགས་ཏེ། ཁྱིམ་ཚང་གི་དཀའ་ངལ་བསལ་གང་ཐུབ་བྱེད་ཀྱི་ཡོད། གང་ཞིག་གསེར་གྱི་རི་ལ་སྔས་བྱས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར་ཟེར་བ་བཞིན། ཁོང་སློབ་གྲྭར་འགྲོ་སྐབས་རང་ནུས་ཡོད་རྒུས་ཡ་རབས་ཚུལ་ལྡན་གྱི་མི་དང་འགྲོགས་ནས་རང་གི་ནུས་པ་གོང་མཐོར་གཏོང་གི་ཡོད་པ་རེད། དབང་ཕྱུག་རྒྱུན་དུ་ཕ་མར་བརྩི་བཀུར་ཆེ་ཞིང་ཁ་ལ་ཧ་ཅང་ཉན་པོ་ཡོད། ཕ་མས་ཁོང་ལ་སེམས་ཁྲལ་ཏིལ་འབྲུ་ཙམ་ཡང་བྱེད་དགོས་ཀྱི་མེད་པ་རེད།
ཁོང་དང་ཐོག་བྱ་གཞག་གསར་གཏོད་ཀྱི་ལམ་དུ་ཞུགས་པའི་བསམ་བློ་དེ་གཤམ་གྱི་གནས་ཚུལ་ལས་འཁོར་བ་ཡིན་ཏེ། ཁོང་སློབ་ཆེན་འགྲིམ་པའི་སྐབས་སུ་ཐེངས་ཤིག་ཕ་ཡུལ་དུ་ལོག་སྐབས། ཕ་ཡུལ་དུ་འབྲུ་སྣུམ་ལས་སྣོན་ཁང་མེད་པས། གྲོང་མི་ཚོས་འབྲུ་ཁྱེར་ཏེ་རྒྱང་ཐག་རིང་པོར་ལས་སྣོན་བྱེད་པར་འགྲོ་དགོས་ཀྱི་ཡོད་པ་རེད། དབང་ཕྱུག་ཕྱི་ལ་ཞོར་ལས་བྱས་ནས་སྤྱི་ཚོགས་ཀྱི་ཉམས་མྱོང་མང་པོ་བསགས་ཡོད་པས། དེ་མ་ཐག་ཏུ་རང་གི་ཕ་ཡུལ་དུ་འབྲུ་སྣུམ་ལས་སྣོན་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། དཔྱིད་འདེབས་ཉིན་གཅིག་འཕྱིས་ན། སྟོན་བསྡུ་ཉིན་བཅུ་འགྱངས་ཞེས་ཟེར་སྲོལ་ཡོད་པས། ཁོང་གིས་ཚོང་ལམ་དེ་ཡག་པོ་འདུག་བསམས་ནས་དུས་ཚོད་ནར་འགྱངས་ཏོག་ཙམ་ཡང་མ་བྱས་པར་ལམ་སེང་ལས་སྣོན་ཁང་འཛུགས་རྒྱུའི་བློ་ཐག་བཅད། ལས་སྣོན་ཁང་དུ་སྒྲིག་ཆས་གསར་པ་ཉོ་བར་རིན་གོང་མཐོ་བས། གྲོགས་པོའི་རོགས་རམ་འོག་ཁོང་གིས་མ་དངུལ་ཐབས་ཤེས་གང་དྲག་བཏང་སྟེ་སྒྲིག་ཆས་རྙིང་པ་ཉོས་ནས་དངོས་སུ་ལས་གཉེར་བྱས། སྲིད་གཞུང་ནས་སློབ་ཆེན་ཐོན་རྗེས་རང་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་གྱི་སློབ་ཆེན་སློབ་མར་སྒོར་65000སྤྲོད་ཀྱི་ཡོད་པས། ཁོང་གིས་བྱ་གཞག་གསར་གཏོད་ཀྱི་མ་དངུལ་དེ་བླངས་ནས་དངོས་སུ་བྱ་གསར་གཏོད་ཀྱི་ལམ་བུར་ཞུགས། དཔྱིད་དུས་ཐལ་རླུང་འཚུབ་འཚུབ། སྟོན་དུས་སྣུམ་ཞག་ཚིལ་ཚིལ་ཟེར་བ་བཞིན། དཀའ་བའི་ལས་ལ་འབྲས་བུ་ཐོབ་ནས་མིག་སྔར་ཁོང་གི་འབྲུ་སྣུམ་ལས་སྣོན་ཁང་གི་ཚོང་ཡག་པོ་ཡོད་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་15ཙམ་ཟིན་ཞིང་། ས་གནས་དེ་གའི་དབུལ་པོ་བདུན་གྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་པ་རེད།
འདི་ནི་དབང་ཕྱུག་གིས་ལས་མི་དང་ལྷན་དུ་གྲོས་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན་པ།
དབང་ཕྱུག་ནི་ལས་ལ་བརྩོན་ཞིང་དཀའ་ལས་རྒྱག་ཐུབ་མཁན་གྱི་ན་གཞོན་ཞིག་ཡིན་པ་རེད། རྟ་ཕོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་བ་བཞིན་ཁོང་གིས་2018ལོ་ནས་ད་ལྟའི་བར་གྲ་ནང་གནས་བཟོད་འབྲུ་སྣུམ་ལས་སྣོན་ཁང་དང་། ལྷོ་ཁ་གྲོང་ཁྱེར་དྲིན་དྲན་སློབ་གསོའི་གསོ་སྦྱོང་སློབ་གྲྭ བོད་ལྗོངས་དྲིན་དྲན་ཚོང་དོན་ཚད་ཡོད་ཀུང་སི། གྲ་ནང་གནས་བཟོད་མགྲོན་པོའི་གནས་མལ། གྲ་ནང་དྲིན་དྲན་ཡིག་ཆས་ཕྱིར་ཚོང་ཁང་བཅས་བཙུགས་ནས་རང་གི་ཚོང་ལམ་རྒྱ་ཆེར་བཏང་ཡོད་པ་དང་། ད་ལྟ་ཁོང་ལ་ལས་མི་ཁྱོན་བསྡོམས་28ཡོད་པ་རེད། གསར་འགོད་པས་དབང་ཕྱུག་ལ་ལྷོ་ཁ་གྲོང་ཁྱེར་དྲིན་དྲན་སློབ་གསོའི་གསོ་སྦྱོང་སློབ་གྲྭ་འཛུགས་དགོས་པའི་རྒྱུ་མཚན་འདྲི་སྐབས། ཁོང་གིས “དྲིན་དྲན་སློབ་གསོའི་གསོ་སྦྱོང་སློབ་གྲྭ་འཛུགས་པའི་རྒྱུ་མཚན་གསུམ་ཡོད་དེ། དང་པོ། སྒྲོན་མེ་སློབ་གསོའི་རྒན་ནོར་བུ་དགྲ་འདུལ་ལགས་ཀྱིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་། གཉིས་པ། སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་འགྲོ་བ་དང་བསྟུན་ནས་ཕ་མ་ཚོས་ཕྲུ་གུའི་སློབ་གསོར་སྣང་ཆེན་བྱས་ནས་གཟའ་མཇུག་སྐབས་སུ་ཕྲུ་གུ་ཟབ་སྦྱོང་འཛིན་གྲྭར་གཏོང་འདོད་ཆེན་པོ་འདུག གསུམ་པ། དེ་སྔ་རང་ཉིད་སློབ་གྲྭའི་སྒོ་ཁར་ཡིག་ཆས་འཚོང་སྐབས་རྨོ་ལགས་ཤིག་གིས་བདག་ལ། ཁྱེད་ནི་སློབ་ཆེན་སློབ་མ་ཞིག་ཡིན་པས། ཡིག་ཆས་འཚོང་བ་ལས་ཁང་པ་ཞིག་གཡར་ནས་ཟབ་སྦྱོང་འཛིན་གྲྭ་ཞིག་གཉེར་ན་ཡག་པོ་ཡོང་གི་རེད་ཅེས་བཤད་མྱོང་བས། སྐད་ཆ་དེས་བདག་གི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་བག་ཆགས་ཟབ་མོ་བཞག་བྱུང་། དུས་དེ་ནས་བཟུང་སློབ་གསོའི་ལམ་དུ་ཞུགས་རྒྱུའི་བསམ་བློ་འཁོར་བྱུང ”ཞེས་བཤད། སློབ་གྲྭ་འཛུགས་པར་མ་རྩ་མང་པོ་དགོས་ལ་འགྲོ་ལུགས་ཀྱང་མང་པོ་གཉེར་དགོས་ཀྱི་ཡོད། ཁོང་གིས་གནས་བཟོད་འབྲུ་སྣུམ་ལས་སྣོན་ཁང་བཙུགས་ནས་ཚོང་གཉེར་ཡག་པོ་བྱེད་ཐུབ་པ་མིག་མཐོང་ལག་ཟིན་ཡིན་པས། ཕ་མ་སྤུན་མཆེད་ཚོས་དབང་ཕྱུག་ལ་ཡིད་ཆེས་ཆེན་པོས་མ་རྩ་ཁྲི་60ལྷག་ཙམ་ག་ས་གང་ནས་གཡར་རོགས་བྱས། ད་ལྟ་ཁོང་གི་དྲིན་དྲན་སློབ་གསོའི་གསོ་སྦྱོང་སློབ་གྲྭ་དེ་ལྷོ་ཁ་གྲོང་ཁྱེར་ཙམ་མ་ཟད། གྲ་ནང་རྫོང་དང་། ཟངས་རི་རྫོང་། འཕྱོངས་རྒྱས་རྫོང་བཅས་སུའང་ཡན་ལག་སློབ་གྲྭ་ཡོད་པ་རེད། སློབ་གྲྭའི་དགེ་རྒན་རྣམས་ཡོན་ཏན་ཡག་པའི་སྒང་ལ་འགན་འཁྲིའི་འཁུར་སེམས་ཆེན་པོ་ཡོད་པས། ཆུ་སྐྱེས་ཚལ་ལ་བུང་བ་འཁོར་བ་བཞིན། ཡོན་ཏན་ཅན་ལ་སློབ་མ་ངང་གིས་འདུ་ཟེར་བ་བཞིན་སློབ་གྲྭར་སློབ་སྦྱོང་བྱེད་པར་ཡོང་མཁན་གྱི་སློབ་མ་མང་པོ་ཡོང་གི་ཡོད་པ་རེད།
གྲ་ནང་གནས་བཟོད་མགྲོན་པོའི་གནས་མལ་གྱི་སྐོར་གླེང་ན། མགྲོན་པོའི་གནས་མལ་ནི་འོ་ཇ་དང་། ཞོར་ཟས་བཟས་ནས་རང་གི་གྲོགས་པོ་དང་། ལས་རོགས། སློབ་གྲོགས་སོགས་དང་ལྷན་དུ་སྐད་ཆ་ཅི་འཕྲོས་མོལ་འཕྲོས་བྱས་སྡོད་ས་ཞིག་ཡིན་འདུག དབང་ཕྱུག་དུས་རྒྱུན་ལྷ་ས་སོགས་སུ་འགྲོ་སྐབས་འོ་ཇ་ཁང་གི་འཚོང་ཡག་པོ་ཡོད་པ་མིག་གིས་མཐོང་གི་ཡོད་པས། 2020ལོའི་ལོ་འགོར། དབང་ཕྱུག་གི་བློ་ངོར་འོ་ཇ་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། བྱ་གཞག་གསར་གཏོད་ཐད་སློབ་ཆེན་སློབ་མར་དཀའ་སྤྱད་ཀྱི་བསམ་བློ་ཡོད་ན་སྲིད་གཞུང་ནས་རྒྱབ་སྐྱོར་མི་བྱེད་པ་ག་ལ་སྲིད། གནས་བཟོད་མགྲོན་པོའི་གནས་མལ་གྱི་ཁང་གླ་དང་། གློག་རིན། ཆུ་རིན་བཅས་ལ་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཐོབ་པས། དབང་ཕྱུག་གི་སེམས་སུ་དགའ་ཚོར་དཔག་མེད་སྐྱེས། དང་ཐོག་ཁང་པའི་ནང་མཛེས་བཟོ་བྱེད་དུས་ཁོང་ལ་དཀའ་ངལ་ཏོག་ཙམ་འཕྲད། ཁང་པར་མཛེས་བཟོ་བྱེད་པར་མ་དངུལ་མི་ཉུང་བ་ཞིག་གཏོང་དགོས་ཀྱི་ཡོད་ཅིང་། དེའི་སྐབས་དབང་ཕྱུག་ཚོང་ལམ་རྒྱ་སྐྱེད་གཏོང་བའི་སྐབས་དང་ཏག་ཏག་འཁེལ་བས། ལག་ཐོག་ཏུ་མ་དངུལ་མང་པོ་མེད་པ་རེད། ཁོང་གིས་མ་དངུལ་ཐག་གཅོད་བྱ་རྒྱུའི་སྐོར་བསམ་བློ་གཏོང་དུས། གློ་བུར་དུ་སློབ་གྲྭའི་དགེ་རྒན་རྣམ་པའི་གཟུགས་བརྙན་ཡིད་ལ་ཝ་ལེར་འཆར། ཁོང་གིས་རང་གི་མིག་སྔའི་གནས་ཚུལ་དགེ་རྒན་ཚོར་སྦ་གསང་མེད་པར་གསོང་པོར་བཤད་པས། དགེ་རྒན་རྣམ་པས་མ་གྲོས་གཅིག་མཐུན་ངང་ང་ཚོའི་ལག་རྩལ་གྱིས་ཕན་ཐོགས་ན་ཁང་པའི་མཛེས་བཟོ་ང་ཚོས་བྱ་ཆོག་ཅེས་བཤད་པའི་དྲོ་སོབ་སོབ་ཀྱི་སྐད་ཆ་དབང་ཕྱུག་གི་རྣ་བར་ཐོས་དུས་དགའ་བ་འབུམ་གྱིས་མྱོས། ཧུར་ཐག་འབད་ཐག་བྱས་ན། ཐུག་པ་ལས་ཀྱིས་འཁོལ་ཡོང་ཟེར་བ་ཇི་བཞིན། མི་ཚང་མའི་འབད་བརྩོན་འོག་གནས་བཟོད་མགྲོན་པོའི་གནས་མལ་གྱི་མཛེས་བཟོ་ཡོངས་སུ་ལེགས་གྲུབ་བྱུང་ནས་དངོས་སུ་ལས་གཉེར་ཐུབ་ཡོད་པ་རེད། གསར་འགོད་པས་ཁང་པའི་མཛེས་བཟོ་མཐོང་སྐབས་ཁོང་རྣམ་པས་ཐུན་མོང་ཐོག་སེམས་ནུས་མང་པོ་བཀོལ་ཡོད་པ་མཐོང་ཐུབ་ཀྱི་འདུག དབང་ཕྱུག་གིས་རང་གི་ཕ་ཡུལ་གྲ་ནང་དུ་བྱ་གཞག་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཟེར་བ་བཞིན་གནས་བཟོད་མགྲོན་པོའི་གནས་མལ་དུ་ཉམས་མྱོང་སྤེལ་རེས་བྱེད་པར་ཡོང་མཁན་མི་ཉུང་བ་ཞིག་ཡོད་པ་རེད། མིག་སྔར། གནས་བཟོད་མགྲོན་པོའི་གནས་མལ་གྱི་ཚོང་ཡག་པོ་ཡོད་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་10ཙམ་ཡོང་གི་ཡོད་པ་རེད།
དབང་ཕྱུག་ནི་རང་ཉིད་ལ་གྲུབ་འབྲས་ཐོབ་རྗེས། ཡུལ་མི་བརྗེད་མཁན་གྱི་ན་གཞོན་ཞིག་ག་ལ་ཡིན་སྲིད། ཁོང་ལ་ཁྱིམ་ཚང་གི་སློབ་གསོ་ཡག་པོ་ཐོབ་ཡོད་པ་མ་ཟད། རྒྱུན་དུ་ནང་མིས་ཁོང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་འབྲས་བུ་སྨིན་དུས། གཞན་གྱི་དྲིན་དྲན་པ་དང་། དྲིན་ཚོར་བ་བྱེད་དགོས། ལག་པ་གཅིག་གིས་ཟློག་པ་ཡོང་ཐབས་གཏན་ནས་མེད། བྱ་གཞག་གསར་གཏོད་ལམ་ལྷོངས་ཡོང་བ་ནི་ཕྱོགས་མང་པོའི་ཕྱར་བ་གྲུ་འདེགས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཕྱིས་སུ་ལས་ཀ་གང་དང་གང་བྱས་ཀྱང་ཀ་བ་བཞིན་དུ་འདྲོང་དགོས། ཀ་གདན་བཞིན་དུ་བརྟན་དགོས་ཞེས་སློབ་གསོ་རྒྱག་གི་ཡོད་པ་རེད། དབང་ཕྱུག་གི་སེམས་སུ་ནང་མིའི་སློབ་གསོ་རྣམས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་ངེས་ཡོད་པས། ཁོང་གིས་ལས་མི་རྣམས་ལ་རང་ནུས་ལྕོགས་ཚད་ཀྱིས་བྱམས་སྐྱོང་བྱེད་པ་དང་། ལོ་རེར་ཁྲི་གསུམ་བཏོན་ནས་དཀའ་ངལ་ཡོད་པའི་ཕྲུ་གུར་རོགས་རམ་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ཕྱིས་སུ་སྲིད་ཇུས་བཟང་པོའི་འོག་དཀའ་ངལ་དང་དུ་བླངས་ནས་གཞན་ལ་ཕན་པ་བསྒྲུབ་རྒྱུ་མུ་མཐུད་ནས་རྒྱུན་སྐྱོང་བ་མ་ཟད། མི་དེ་བས་མང་བར་ཕན་པ་བསྒྲུབ་རྒྱུའི་བསམ་བློ་བརྟན་པོ་ཡོད་པ་རེད།
གསར་འགོད་པས་ཁོང་ལ་བཅར་འདྲི་བྱེད་རིང་། གཏམ་ཤོད་པའི་ཉིན་མོར་ཁ་བདེ་དགོས། དགྲ་འཐབ་པའི་ཉིན་མོར་ལག་བདེ་དགོས་ཟེར་བ་ལྟར། ཁོང་གིས་འཁོན་འཁོན་ཐོག་ཐོག་མེད་པར་རང་ཉིད་ལ་ཡིད་ཆེས་ཆེན་པོས་ཁ་གསལ་གོ་བདེའི་ངང་ནས་གསར་གཏོད་སྐོར་གྱི་དྲི་བ་ཁག་ལ་ལན་བཏབ་བྱུང་། ངོ་མ་ཁོང་ནི་རང་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་པའི་ཕོ་གསར་ཞིག་རེད་འདུག