འདི་ལོ་ཚུན་ཆབ་མདོ་གྲོང་ཁྱེར་གྱིས“རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་གཏོང་བྱ་སྤྱོད”དང“རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད”ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྨོ་ཞིང་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒྱུར་བ་བཅས་བྱས་ནས་ཞིང་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
2021ལོར་ཆབ་མདོ་གྲོང་ཁྱེར་གྱིས་སྟེང་ཆེན་རྫོང་དུ་རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་དཔེ་སྟོན་ལས་དོན་སྤེལ་ཏེ། ནས་དང་གྲོ་སོགས་ཞིང་ལས་ལོ་ཏོག་གཙོ་བོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཛུགས་རྩིས་ཡོད། གཞན་ཡང་འབྲུ་སྣུམ་ལྗང་མདོག་གི་སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བའི་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 2021ལོར་གྲོང་ཁྱེར་ཡོངས་སུ་འབྲུ་སྣུམ་གྱི་ལྗང་མདོག་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ས་ཞིང་མུའུ་ཁྲི་48(དེའི་ཁྲོད་མཛོ་སྒང་རྫོང་དུ་མུའུ་ཁྲི་3.55དང་དཔའ་ཤོད་རྫོང་དུ་མུའུ་ཁྲི་3.1)གཏོད་འཛུགས་བྱ་རྒྱུ་ཡིན་ཞིང་། “རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྩིས་དང་འདེབས་འཛུགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་ཡིན་པ་རེད།