དབུ་ཤོག>ཞིང་འབྲོག་གསར་པ།
  • དམངས་ལ་ཕན་བདེ་སྐྲུན་ཐུབ་པའི་ཟ་ཁང་ཆུང་ཆུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-14

    ཟ་མ་བཟའ་བའི་དུས་ཚོད་ལ་སླེབས་པས་ན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོའི་དམངས་ཕན་རླངས་འཁོར་རུ་ཁག་གི་ཟ་ཁང་ནང་སྡོད་ས་སྟོང་པ་གཅིག་ཀྱང་མེད་པ་དང་མིའི་སྐད་སྒྲས་ཁེངས།

    འདིར་ཟ་མ་བཟའ་མཁན་ནི་ཕྱི་ནས་ཡོང་བའི་ལས་མི་དང་གྲོང་ཚོ་དེ་རང་གི་ཡུལ་མི་ཡོད་ལ། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཡང་རྟག་ཏུ་ཡོང་གི་ཡོད།

    ཟ་ཁང་འདིར་ལས་ཀ་བྱེད་མཁན་ཨ་ཅག་གསུམ་ཡོད། ཁོང་ཚོས་ཉིན་ལྟར་ལས་ཀ་ཚར་རྒྱུ་མེད་པར་བྲེལ་བ་སྟེ། ཞོགས་སྔ་ལངས་བྱས་ནས་ཉིན་རེའི་ལྟོ་ཆས་གྲ་སྒྲིག་དང་ཟ་ཁང་གི་ཕྱི་ནང་ཚང་མར་གད་ཕྱིས་བྱས་ཏེ་མགྲོན་པོར་བསུ་བ་ཞུ་གི་ཡོད། སྐབས་རེ་ཟ་མ་བཟའ་མཁན་མང་བའི་རྐྱེན་གྱིས་ཨ་ཅག་གསུམ་པོ་མི་ལྕོགས་པའི་སྐབས་སུ། སྐུ་མགྲོན་རང་འགུལ་ངང་ཐབ་ཚང་ནང་ཡོང་སྟེ་རང་ཉིད་ཀྱིས་ཇ་བླུགས་པ་དང་འབྲས་ཚལ་འཁྱེར་རོགས་བྱེད་ཀྱི་ཡོད། དེར་ཡོང་མཁན་ཕལ་ཆེ་བ་དུས་རྒྱུན་ནས་ཡོང་མཁན་ཤ་སྟག་ཡིན་པར་བརྟེན། ཁོང་ཚོ་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ནས་ཕན་ཚུན་འཚེར་སྣང་ཏིལ་འབྲུ་ཙམ་བྱེད་ཀྱི་མེད།

    ཟ་མ་བཟའ་བའི་སྐབས་ཚང་མས་ཤོད་མང་ཤོས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཚུལ་སྐོར་ཏེ། སུ་ལ་ལས་ཀ་རག་པ་དང་། སུའི་གླ་ཆ་མཐོ་རུ་སོང་བ། གང་དུ་ཀུང་སི་བཙུགས་པ་དང་དེས་ལས་མི་བསྡུ་བ་སོགས་ཡིན་པས། ཕན་ཚུན་གྱི་གཏམ་གླེང་ཁྲོད་དགོད་སྒྲ་གྲགས་པ་དང་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བ་ལས་ཁོང་ཚོའི་སྤྲོ་སྣང་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློ་ཡིད་ཚིམ་ཚུལ་ང་ཚོས་ཚོར་ཐུབ།

    ཟ་ཁང་ཆུང་ཆུང་དེ་ནི་འདི་གའི་ཡུལ་མི་དང་ཕྱི་ནས་ཡོང་བའི་ལས་མི་ཚོས་ཟ་མ་བཟའ་བ་དང་། ཅི་འཕྲོས་མོལ་འཕྲོས་བྱེད་པ། ངལ་གསོས་ནས་རོལ་རྩེད་རྩེ་བ་སོཌ་བྱ་ཡུལ་ཡག་པོ་ཞིག་ཡིན་ལ། གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱ་ཡུལ་དང་དམངས་ལ་ཞབས་འདེཌ་ཞུ་ཡུལ་ཡག་པོ་ཞིག་ཀྱང་རེད།

    “རྒན་གསོ་འགན་བཅོལ་གྱི་དངུལ་ཇི་ལྟར་སྤྲོད་པ”དང་། “ས་ཆ་གང་གི་ཁེ་ལས་ཀྱིས་ལས་མི་བསྡུ་བ”“གྲོང་ཚོ་ཨུ་ལྷན་གྱིས་སུ་ལ་ངོ་སྤྲོད་ཡི་གེ་འབྲི་དགོས་པ”སོགས་ཟ་མ་བཟའ་མཁན་དང་གྲོང་ཚོའི་ལས་བྱེད་པ་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་མིའི་དབར་སྤེལ་རེས་མཉམ་འགུལ་སོགས་བྱས་ཏེ་དེ་གའི་ཁྱད་ཆོས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    ཐེངས་ཤིག གྲོང་སྡོད་ལས་དོན་རུ་མི་ཡེ་ལགས་ཟ་ཁང་དེར་ཟ་མ་བཟའ་བར་ཡོང་ནས་རྐུབ་སྟེགས་ཐོག་བསྡད་མ་ཐག་ཡུལ་མི་ཚེ་ཁོ་དང་ལྷ་མོས་ལག་ཐོགས་ཁ་པར་ཁྱེར་ནས་ཚུར་ཡོང་སྟེ་སྐད་འཕྲིན་ཚོགས་པའི་ནང་བཏང་བའི་བརྡ་ཐོའི་ནང་དོན་གང་འདྲ་བྱས་ནས་སྒྲུབ་དགོས་མིན་སྐོར་དྲིས།

    ཡེ་ལགས་ཀྱིས་སྐད་འཕྲིན་ལ་ལྟ་སྐབས། དེ་ནི་ཚེ་ཁོ་དང་ལྷ་མོའི་ཕྲུ་གུའི་སློབ་གྲྭ་ནས་བཏང་བའི་བརྡ་ཐོ་ཞིག་ཡིན་པ་དང་། དེའི་ནང་ཁྱིམ་བདག་གིས་ལག་ཐོགས་ཁ་པར་ནང་འབྲེལ་ཡོད་ཀྱི་ཐོ་འགོད་པ་དང་སྦྱོང་ཚན་འབྲི་དགོས་པ་བཤད་ཡོད་ཀྱང་ཁྱིམ་བདག་གཉིས་པོས་ཤེས་ཀྱི་མེད། ཡེ་ལགས་ཀྱིས་བརྒྱུད་རིམ་གཞིར་བཟུང་ཁོང་གཉིས་པོར་ཐོ་འགོད་རོགས་བྱས་པ་མ་ཟད། ངང་རྒྱུད་རིང་པོའི་སྒོ་ནས་ལག་ཐོགས་ཁ་པར་ནང་སློབ་ཁྲིད་བརྙན་ལམ་ལ་བལྟས་ཏེ་སློབ་གྲྭས་བཀོད་སྒྲིག་བྱས་པའི་ཁྱིམ་སྦྱོང་ཇི་ལྟར་འབྲི་དགོས་པའང་བསླབས་ཤིང་། ཚེ་ཁོ་ཡིས“ཉིན་ལྟར་ཚོགས་པའི་བརྡ་ཐོ་འདི་རིགས་མཐོང་སྐབས་དེའི་ནང་འཁོད་པ་བཞིན་ང་ཚོས་སྒྲུབ་ཐུབ་ཀྱི་མི་འདུག ང་ཚོའི་སློབ་རྒྱུས་དམན་པས་ཕལ་མོ་ཆེ་མི་ཤེས་སྟབས། གྲོང་སྡོད་ལས་དོན་རུ་ཁག་ལ་རོགས་པ་བྱེད་རོགས་ཞུ་གི་ཡོད”ཅེས་བཤད།

    གྲོང་སྡོད་ལས་དོན་རུ་མིས་བྱ་བ་དག“ཆུང་ཙག”དང“སྟབས་བདེ”ཞིག་ཡིན་སྙམ་ཡང་། མང་ཚོགས་ཁག་གཅིག་ངོས་ནས“དོན་ཆེན”དང“སྒྲུབ་དཀའ་བ”ཞིག་ཡིན། དེས་ན་བྱ་བར་ཆེ་ཆུང་མེད་པར་བརྟེན། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱིས་སྒྲུབ་དཀའ་བའི་བྱ་བ་རེ་རེ་དག་བྱ་བ་དངོས་ལ་བརྩིས་ནས་བསྒྲུབས་ཡོད།

    སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པ་དང་ཆབས་ཅིག་ཟ་ཁང་གི་དཔལ་འབྱོར་ཕན་འབྲས་ཀྱང་ཐོན་ཡོད། གྲོང་ཚོ་དེས“གྲོང་ཚོའི་ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་སྡེབ་དཔལ་འབྱོར་གྱི་འགན་འཁུར་བ་ཕན་ཚུན་རེས་མོས་ངང་འགན་འཁུར་རེས་བྱས་པ་བརྒྱུད“ཏང་ཀྲི་པུའུ་དང་ཐོན་ལས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་བ་དང་། ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་གཏོང་བའི་ཁྲོད་ཏང་ཀྲི་པུའུ་བཙུགས་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཤིང་། ན་ནིང་ཟ་ཁང་དེས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་231གི་མི་གྲངས་874ལ་བགོ་འགྲེམ་སྒོར་ཁྲི་40བརྒྱབ་པ་དང་། ཟ་ཁང་ནང་ལས་ཀ་བྱེད་མཁན་ཡུལ་མིར་གླ་ཆ་སྒོར་ཁྲི་13སྤྲད་པ་རེད།

    ཐབ་ཆུང་ཡང་མེ་ཚ་ཞེས་པ་ལྟར། ཟ་ཁང་ཆུང་ཆུང་དེ་ལས་གྲོང་ཚོའི་འཁྲུག་ཆ་དོད་པའི་འཚོ་བའི་རྣམ་པ་དང་། ཡུལ་མི་ཚོའི་འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་གྱུར་ནས་སྟར་ཤིང་ཡུལ་མིའི་འབྱུང་འགྱུར་འཚོ་བར་རེ་བས་ཁེངས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་གྱི་བསམ་པ་ཇེ་ཆེར་འཕེལ་བཞིན་པ་ང་ཚོས་མཐོང་བྱུང་། ད་ཆ་སྟར་ཤིང་གི་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་དམ་འཛིན་བྱས་ནས་ངར་ཤུགས་བསྒྲིམས་ཏེ་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཧུར་ཐག་བཀོད་ནས་མཉམ་དུ་ཕྱུག་པོ་ཆགས་རྒྱུའི་དམིགས་ཡུལ་འགྲུབ་ཕྱིར་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས”པའི་མངགས་བཅོལ་ཟབ་མོ་ལག་ལེན་བསྟར་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕན་འབྲས་ལྡན་པའི་གྲུབ་འབྲས་དང་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་འདུན་པ་མཐོ་རུ་འགྲོ་བར་བརྟེན་ནས“སྟར་ཤིང་གི་ཉམས་མྱོང”ཞེས་པའི་གསེར་ལྟ་བུའི་མིང་བྱང་དེ་དུས་རབས་གསར་པར་སྔར་བས་བཀྲག་མདངས་འཚེར་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།