སྣ་དཀར་རྩེ་རྫོང་ཡར་འབྲོག་གཡུ་མཚོའི་འགྲམ་གྱི་ཡུག་པོའི་ཞིང་ཁ།
དང་ཐོག་ཡུག་པོ་ནི་ཞིང་ལས་གཙོ་གཉེར་སྡེ་ཚན་དང་ཞིང་པས་རྩྭ་ངན་ལ་བརྩིས་ཏེ་བཀོག་པ་དང་ཐ་ན་གཞུང་ལམ་འགྲམ་གྱི་སྨི་བརྒྱའི་ནང་ཚུན་དུ་ཡུག་པོ་འདེབས་མི་ཆོག་པའི་གཏན་འབེབས་བྱས་ཡོད།
འོན་ཀྱང་། ལོ་བཅུ་ཕྲག་རིང་འབད་བརྩོན་བྱས་པ་བརྒྱུད། བོད་དུ་ཡུག་པོའི་གནས་བབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཞིང་འབྲོག་མང་ཚོགས་ཀྱིས་དེ་སྔོན་རྩྭ་ངན་ལ་བརྩི་བའི་ཡུག་པོ་དེ་ད་ཆ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་། ཞིང་འབྲོག་ཁུལ་གྱི་འབྲོག་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། རང་ལྗོངས་ཀྱི་སྤུས་ལེགས་གཟན་རྩྭ་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཞིང་ནང་གི་སྐྱེ་དངོས་གཙོ་བོར་གྱུར་ཡོད།
ད་ཆ་རང་ལྗོངས་སུ་ས་བབ་མཐོ་ཚད་སྨི་3600ཟིན་པའི་ལུང་གཞུང་ནས་སྨི་4600ཟིན་པའི་མཐོ་གྲང་འབྲོག་ཁུལ་བར་གྱི་རྒྱ་ཆེ་བའི་ས་ཁོངས་སུ་ཡུག་པོ་འདེབས་ཀྱི་ཡོད། མིག་སྔར་ཡུག་པོ་དེ་རང་ལྗོངས་ཀྱི་སྤུས་ལེགས་གཟན་རྩྭ་གཙོ་ཆེ་ཤོས་གྲས་སུ་གྱུར་ནས་མངའ་རིས་ས་ཁུལ་དུའང་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱེད་ཀྱི་ཡོད།
2009ལོ་དང་2010ལོར། རང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་རྣམ་གྲངས་སྣ་ཚོགས་བརྒྱུད་འབྲེལ་ཡོད་རིགས་གཅིག་མཁས་ཅན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཆུ་མིག་ཤང་གི་ཡུག་པོ་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་པར་ཐེངས་མང་གདན་དྲངས་པ་དང་། སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་བྱེད་པ། འགྲེམས་སྟོན་དཔེ་སྟོན་བྱེད་པ་བཅས་བྱས་ཁར། སྐམ་ཞིང་ཐོག་ཡུག་པོ་འདེབས་པའི་ལག་རྩལ་འཕེལ་རྒྱས་གཏོང་བ་དང་། “སྐམ་ཞིང་རྩྭ་འདེབས་དང་ཆུ་ཞིང་རྒྱུད་སྤེལ”གྱི་ཐོན་སྐྱེད་རྣམ་པ་འཚོལ་ཞིབ་བྱེད་པ། རང་ལྗོངས་ཀྱི་ཡུག་པོ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལག་རྩལ་གྱི་འདེགས་སྐྱོར་གནད་དོན་ཐག་གཅོད་བཅས་བྱས་ཡོད།
ལྗོངས་ཡོངས་སུ་ལོ་གཉིས་བསྟུད་མར་དཔྱིད་དུས་ཐན་པ་ཚབས་ཆེན་བསྟན་པའི་གནས་ཚུལ་འོག ཆུ་མིག་ཤང་གི་ཡུག་པོར་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་ཡུག་པོའི་ཐན་འགོག་རང་བཞིན་དང་མཐུན་འཕྲོད་རང་བཞིན་ཆེ་བ་སོགས་ལེགས་ཆ་འདོན་སྤེལ་ཐུབ་སྟེ་ཐོན་འབབ་ཡག་པོ་བྱུང་བ་མ་ཟད། ས་གནས་དེ་གའི་ཡུག་པོའི་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཡང་ཐེབས་ཡོད།
དེ་སྔ་ཡུག་པོ་རྩྭ་ངན་ལ་བརྩིས་ཏེ་བཀོག་པ་ནས་ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ནོར་བུ་ལྟ་བུར་གྱུར་ཡོད། ཞིང་དུད་དབར་ནས་རྒྱ་མ་3ནས་4བར་ཡུག་པོའི་སོན་རྒྱ་མ་1བརྗེ་བ་དང་ས་གནས་ཁག་གཅིག་གི་ཡུག་པོའི་སོན་རྒྱ་མ་རེར་སྒོར་5བྱས་ནས་འཚོང་གི་ཡོད། ཡུག་པོའི་རིན་གོང་ས་གནས་དེ་གའི་ནས་ཀྱི་རིན་གོང་ལས་མཐོ་བ་དང་ཐོན་འབབ་དང་ཡོང་འབབ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།
“ཡུག་པོ་བཏབ་པའི་ཡོང་འབབ་ཀྱིས་ང་ཚོའི་ཁྱིམ་ཚང་གི་ཡོང་འབབ་ཀྱི་80%ཟིན་ཡོད། དེ་སྔོན་ང་ཚོས་ཡུག་པོ་རྩྭ་ངན་ལ་བརྩི་བ་དང་ད་ཆ་ཡོང་འབབ་ཡོང་ཁུངས་གཙོ་བོར་བརྩི་གི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཆུ་མིག་ཤང་ལྷ་ཆུང་གྲོང་ཚོའི་ཚེ་རིང་སྟོབས་རྒྱལ་གྱིས་དེ་ལྟར་བཤད། ཁོང་སྡོད་སའི་གྲོང་ཚོ་དེས་དེ་སྔོན་དུད་ཚང་རེས་ཕྱི་ནས་ཆ་སྙོམས་སོག་མ་སོགས་གཟན་རྩྭ་རྒྱ་མ་3000ཉོ་གི་ཡོད། ཡུག་པོ་ཚོད་འདེབས་བྱས་པའི་ལོ་གཉིས་ནང་ཆུ་མིག་ཤང་གིས་ཡུག་པོ་བཏབ་ནས་ཐད་ཀར་ཡོང་འབབ་སྒོར་ཁྲི་50རག་པ་དང་ཡུག་པོ་བཏབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་217བྱུང་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2011ལོར་སླེབས་སྐབས་གཞིས་རྩེ་གྲོང་ཁྱེར་ཁོ་ནའི་ཡུག་པོའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་5ལྷག་ཙམ་ཟིན་པ་དང་། 2020ལོར་ལྗོངས་ཡོངས་ཀྱི་ཡུག་པོའི་སྤྱི་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་44ཟིན་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
“གཟན་སྤྱོད་ཡུག་པོའི་ཐོན་སྐྱེད་ལ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དེས་ཕྱུགས་རིགས་ལ་གཟན་རྩྭ་སོས་པ་བཟའ་རྒྱུ་ཡོད་པ་ཕུད། ད་དུང་སྔོ་རྩྭ་སྐམ་པོའང་བཟོ་ཆོག ཡུག་པོའི་སོག་མ་ཁྲེས་པོར་བསྒྲིལ་ནས་སྐྱེལ་འདྲེན་དང་ཉར་ཚགས་བྱེད་བདེ་བ་མ་ཟད། ད་དུང་དགུན་དཔྱིད་དུས་སུ་གཟན་རྩྭ་དཀོན་པའི་གནས་ཚུལ་ཞི་ལྷོད་དུའང་གཏོང་ཐུབ། ཡུག་པོ་སྐྱེ་བདེ་པོ་ཡོད་པ་དང་། ཡུག་པོ་འདེབས་འཛུགས་བྱས་ན་བོད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ”ཅེས་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་རྒྱལ་ཁབ་ཡུག་པོ་དང་བྲ་བོའི་ཐོན་ལས་ལག་རྩལ་མ་ལག་གཞིས་རྩེའི་ཕྱོགས་བསྡུས་ཚོད་ལྟ་ས་ཚིགས་ཀྱི་ཀྲན་ཀྲང་ཅིན་ཐའོ་ཡིས་དེ་ལྟར་བཤད་པ་རེད།
“མིག་སྔར་རྒྱལ་རྩེ་དང་པ་སྣམ་སོགས་བོད་ཀྱི་འབྲུ་མཛོད་དུ་གྲགས་པའི་ཞིང་ཁུལ་ཡིན་ནའང་འདྲ། ཡང་ན་ས་སྐྱ་དང་། དིང་རི། ངམ་རིང་སོགས་ས་མ་འབྲོག་ཁུལ་གང་ས་ནས་གཟན་སྤྱོད་ཡུག་པོ་གང་སར་བཏབ་པ་མཐོང་ཐུབ། ཞིང་འབྲོག་པས་དང་ཐོག་མོས་མཐུན་མ་བྱེད་པ་ནས་ད་ཆ་ཡུག་པོ་ཧུར་ཐག་འདེབས་པའི་བར་གྱི་ལྟ་བར་རྩ་བ་ནས་འགྱུར་ལྡོག་བྱུང་ཡོད། དེ་ནི་ཡུག་པོའི་ཚན་རྩལ་གྲུབ་འབྲས་ལ་སེམས་གཏིང་ནས་ཁས་ལེན་བྱས་པ་ཞིག་རེད”ཅེས་རྒྱལ་ཁབ་ཡུག་པོ་དང་བྲ་བོ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་རེན་ཁྲང་ཀྲུང་གིས་2020ལོའི་ཟླ་9པར་བོད་དུ་ཡུག་པོ་ཁྱབ་གདལ་བཏང་ཚུལ་ལ་རྟོག་ཞིབ་ཐེངས་དྲུག་པ་བྱེད་སྐབས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བརྗོད།
རང་ལྗོངས་ཀྱི་ཡུག་པོ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི་40ཡན་ཟིན་ཏེ་ཞིང་འབྲོག་པ་ཁྲི་10.67ལ་འབབ་འཕར་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་སྟེ། བོད་ཀྱི་གཟན་རྩྭའི་རིགས་གཙོ་བོར་གྱུར་ནས་དེ་སྔ་ཡུག་པོ་འདེབས་འཛུགས་བྱས་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། ད་དུང་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ནུས་པ་གལ་ཆེན་ཐོན་པ་དང་སླད་ཕྱིན་གྲོང་གསེབ་དར་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་ཐུབ་ངེས་རེད།