དབུ་ཤོག>ཞིང་འབྲོག་གསར་པ།
  • ཆོས་འཛོམས་ཀྱི་ལས་གཏོད་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-09

    “བུད་མེད་ཅིག་ཡིན་པའི་ངོས་ནས་ཕྲུ་གུའི་ཨ་མའི་འགན་འཁུར་དགོས་པ་མ་ཟད། པ་ཕའི་འགན་ཡང་འཁུར་དགོས་པས་ཁྱིམ་གྱི་རྟེན་ས་གཙོ་བོར་གྱུར་ཡོད། སྟབས་ཡག་པ་ཞིག་ལ་ཏང་གི་བཀའ་དྲིན་ལས་ངའི་འཚོ་བ་དང་ལས་གཏོད་ལམ་བུ་འོད་སྣང་ལྡན་པ་ཞིག་ཏུ་གྱུར་སོང”

    ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོའི་མགོ་རིལ་བསྲེག་ཟས་ཁང་དུ་སླེབས་དུས་སྦྱིན་བདག་ཆོས་འཛོམས་ཕོར་པ་འཁྲུད་བཞིན་འདུག ཁོང་གིས“ད་ཆ་ཉིན་ལྟར་སྐུ་མགྲོན་མང་པོ་ཡོད་པས་སེམས་པ་སྐྱིད་པོ་འདུག རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་གྱིས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་དེ་ངའི་བསམ་འདུན་ཡིན”ཞེས་གསར་འགོད་པར་བཤད།

    ཆོས་འཛོམས་ཀྱི་ཁྱིམ་དུ་ས་ཞིང་མུའུ་3ལས་མེད་པ་དང་། 2015ལོར་ཕྲུ་གུ་ལོ་3ལ་སླེབས་མ་ཐག་ཡིན་ལ། རང་ཉིད་གཅིག་པུས་ཕྲུ་གུར་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པས་ཕྱིར་གླ་པ་རྒྱུག་ནས་ཡོང་འབབ་བསགས་ཐུབ་ཀྱི་མེད་སྟབས་ཁྱིམ་ལ་དཀའ་ངལ་ཆེན་པོ་ཡོད། དེ་དུས། ཆོས་འཛོམས་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་གོ་སྐབས་དང་བསྟུན་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་གཏོད་བྱེད་པ་ནི་དབུལ་སྒྲོལ་ཡོང་བ་དང་ཕྱུག་པོའི་ལམ་དུ་བསྐྱོད་པའི་འགྲོ་ལམ་ཡང་དག་དེ་ཡིན་པ་རྟོགས། “དེ་སྔོན་ངས་ལྷ་སའི་བསྲེག་ཟས་ཁང་ཞིག་ཏུ་ཞབས་ཞུ་བའི་ལས་ཀ་བྱེད་མྱོང་ཡོད། བསྲེག་ཟས་ཁང་གི་ཚོང་ཡག་པོ་ཡོད་པས་ངས་དེ་གར་བསྲེག་ཟས་བཟོ་བའི་ལག་རྩལ་ཤེས་བྱུང”ཚ་རཌ་གྲོང་ཚོར་ཇ་ཁང་མང་པོ་ཡོད་མོད། འོན་ཀྱང་བསྲེག་ཟས་ཁང་གཅིག་ཀྱང་མེད། གལ་སྲིད་རང་ཉིད་ཀྱིས་བསྲེག་ཟས་ཁང་ཞིག་བཙུགས་ཐུབ་ན་ཚོང་ཡག་པོ་ཡོང་ངེས་རེད་སྙམ་བྱུང་ཞེས་ཆོས་འཛོམས་ཀྱིས་བཤད།

    དེ་ལྟར། 2016ལོའི་ཟླ་4པར་ཆོས་འཛོམས་ཀྱིས་རང་འགུལ་ངང་གྲོང་ཚོའི་ཨུ་ལྷན་དང་འབྲེལ་གཏུག་བྱས་ཏེ་བསྲེག་ཟས་ཁང་ཞིག་འཛུགས་འདོད་ཡོད་པའི་སྐོར་བཤད་པ་རེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཆོས་འཛོམས་ཀྱི་བསམ་ཚུལ་ཉན་རྗེས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། ཆོས་འཛོམས་ཀྱི་ཁང་པ་གྲོང་ཚོའི་ནང་ཡོད་པས་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་དང་། ཚ་རགས་གྲོང་ཚོའི་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཆོས་འཛོམས་ལ་རྒྱལ་ལམ་318ཀྱི་འཁྲིས་ནས་ཚོང་ཁང་འཚམ་པོ་ཞིག་འཚོལ་རོགས་བྱས་པ་རེད།

    ཁ་གཏད་རོགས་སྐྱོར་བྱེད་མཁན་ཆུ་ཤུར་རྫོང་སྒྲིག་ཨུད་དང་གྲོང་ཚོ་ཨུ་ལྷན་གྱི་རོགས་རམ་འོག་ཆོས་འཛོམས་ལ་སྐུ་མགྲོན་མང་བ་དང་ས་བབ་ཅུང་ཡག་པའི་ཚོང་ཁང་ཞིག་རག་པ་རེད། “ཚོང་ཁང་འཚམ་པོ་ཞིག་བོགས་མར་བླངས་རྗེས་རང་ཉིད་ཀྱིས་ཐབ་ཚང་གི་མཁོ་ཆས་གྲ་སྒྲིག་བྱས་པ་དང་། ཆུ་ཤུར་རྫོང་སྒྲིག་ཨུད་ཀྱིས་འཁྱཌ་སྒམ་ཆེན་པོ་ཞིག་དང་། དུག་སེལ་སྒམ། སྒྲོག་ཙེ་4དང་རྐུབ་སྟེགས་ཆ་7ཉོས་བྱུང”ཞེས་ཆོས་འཛོམས་ཀྱིས་བཤད་ཅིང་། དེ་ལྟར་ཁོང་གི་མགོ་རིལ་བསྲེག་ཟས་ཁང་སྒོ་ཕྱེས་པ་རེད།

    ད་ཆ། ཆོས་འཛོམས་ཁྱིམ་གྱི་འཚོ་བ་ཡག་ཏུ་ཕྱིན་ཞིང་། ཕྲུ་གུའང་ཆེན་པོ་ཆ་ས་ཡོད། མ་འོངས་པའི་སྐོར་གླེང་སྐབས་ཆོས་འཛོམས་ཀྱིས“ཏང་གི་སྲིད་ཇུས་བཟང་པོས་ངའི་འཚོ་བ་དང་ལས་གཏོད་ལམ་བུར་འོད་སྣང་སྦྱིན་བྱུང་། ངས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་ཕོད་པའི་དུས་རབས་གསར་པའི་བུད་མེད་ཅིག་ཧུར་ཐག་བྱས་ཏེ་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་རང་ནུས་གང་ལྕོགས་ཀྱིས་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་ཡིད་ཆེས་ཆེན་པོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།