དབུ་ཤོག>ཞིང་འབྲོག་གསར་པ།
  • རི་བོ་མཐོང་ཐུབ་པ་དང་། ཆུ་མོ་རིག་ཐུབ་པ། ཡུལ་ཞེན་མ་བརྗེད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-09

    ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་གྲོང་ཚོ་ཞིག་རེད། དེ་སྔ“ཀྲུང་གོའི་སོས་དལ་གྲོང་གསེབ་མཛེས་ཤོས་”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ”སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད། ད་ཆ་སྟག་གདོང་གྲོང་ཚོས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ས་གནས་ཁག་གི་ཡུལ་སྐོར་བ་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    གདོད་མའི་རང་བྱུང་མཛེས་ལྗོངས་དང་། ཚོན་མདོག་དཀར་དམར་སྤེལ་མའི་གྲོང་མིའི་སྡོད་ཁང་། ལམ་འགྲམ་གྱི་རྩྭ་དང་མེ་ཏོག་བཅས་ནི་སྤྱི་ཟླ་6པར་གསར་འགོད་པ་སྟག་གདོང་གྲོང་ཚོར་སླེབས་པའི་བག་ཆགས་དང་པོ་དེ་རེད།

    ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོའི་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་སིའི་ཆུ་ཚན་ཁང་དུ་ལྷ་ས་གྲོང་ཁུལ་ནས་ཡོང་བའི་དབྱངས་སྒྲོན་དང་ཁོང་གི་ནང་མིས་ཆུ་རྐྱལ་གྱོན་གོས་ཉོ་བཞིན་འདུག “ང་འདི་གར་ཡོང་ཐེངས་དང་པོ་ཡིན། དེ་གའི་ཡུལ་ལྗོངས་མཛེས་པས་སེམས་པའང་རང་བཞིན་གྱིས་སྐྱིད་དུ་འགྲོ་གི་འདུག”ཅེས་དབྱངས་སྒྲོན་གྱིས་དེ་ལྟར་བརྗོད་བྱུང་།

    དབྱར་དུས་ཀྱི་སྟག་གདོང་གྲོང་ཚོ་ནས་ཐག་རིང་ལ་རྒྱང་ལྟ་བྱས་ཚེ། ས་གཞི་ཡོངས་སྔོ་ཐིང་ཐིང་ངམ་ཡང་ན་ཚོན་མདོག་སྣ་ལྔར་གྱུར་ཡོད། ཉིན་དེར་ལྷ་སའི་ཉེ་འཁོར་གྱི་སྐུ་མགྲོན་མང་པོ་སླེབས་འདུག གྲོང་མི་དེ་བས་མང་བས་རི་སྔོ་ཆུ་དྭངས་ཀྱི་མཛེས་ལྗོངས་ཡོད་ན། གསེར་རི་དངུལ་རིའི་རིན་ཐང་ལྡན་པ་གསལ་པོ་ཤེས་ཀྱི་ཡོད།

    2016ལོ་ནས་བཟུང་། སྟག་གདོང་གྲོང་ཚོས་སྔ་རྗེས་སུ་གྲོང་ཚོའི་རྣམ་པ་དང་བཀོད་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་ཞོར་ཐོན་རྫས་དག་ཡུལ་སྐོར་ཐོན་རྫས་ལ་སྒྱུར་བ་དང་ཞིང་ཁྱིམ་སྒོ་ར་དག་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྒྱུར་ནས་མང་ཚོགས་རྣམས་ཡུལ་སྐོར་ལས་རིགས་ནང་ཞུགས་སུ་བཅུག་པ་དང་མཛེས་ལྗོངས་ལ་བརྟེན་ནས་གྲོང་ཚོའི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

    སྟག་གདོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀྲང་ཡུས་ཀྱིས་གསར་འགོད་པར་2020ལོའི་ལོ་མཇུག་བར་སྟག་གདོང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཡན་ཟིན་ཡོད། ལོ་4རིང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་ལྡབ་7ཙམ་འཕར་བ་མ་ཟད། མང་ཚོགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་སོང་ཡོད་ཅེས་བརྗོད་བྱུང་།

    ད་དུང་ཀྲང་ཡུས་ཀྱིས་སྟག་གདོང་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་སྲུང་སྐྱོང་བྱེད་པའི་རྩ་དོན་ལྟར་གྲོང་གསེབ་ཀྱི་སྤྱི་ཡོངས་འཆར་འགོད་ལ་སྤྱི་འདོམས་བྱས་པ་དང་། སྲོལ་མང་གཅིག་སྒྲིལ་བྱས་པ། སྐྱེ་ཁམས་ཀྱི་མཐའ་ཚད་ཡག་པོ་བསྲུངས་པ་བཅས་ཀྱི་ཐོག་ནས་གྲོང་འདབས་སུ་སོས་དལ་ལྗོངས་ལྟ་དང་སྤྲོ་གསེང་གཞི་གཅིག་ཏུ་བསྡུས་པའི་ཞི་མཐུན་མཛེས་སྡུག་གི་གྲོང་གསེབ་བསྐྲུན་པ་དང་རི་བོ་མཐོང་ཐུབ་པ་དང་། ཆུ་མོ་རིག་ཐུབ་པ། ཡུལ་ཞེན་མ་བརྗེད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།