2017ལོར་རིན་སྤུངས་རྫོང་སྲིད་གཞུང་གིས“མ་དངུལ་མ་རྐང་ནང་51%ཞུགས་པའི”ཐབས་ཤེས་སྤྱད་དེ་ཕ་ཡུལ་དུ་ལོག་པའི་ལས་གཏོད་སློབ་ཆེན་སློབ་མ་གནམ་སྒྲོལ་ལ་བོད་ལྗོངས་ཇོ་མོ་གླང་མ་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་འཛུགས་རོགས་བྱས་ནས། རིན་སྤུངས་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མའི་ཚོགས་སྤྱིའི་རང་རྟེན་ལས་གཏོད་ལ་ཁྲིད་སྟོན་དང་སྐུལ་ཁྲིད་བྱས་པ་རེད། དབང་ལགས་དང་། ཚེ་རིང་ཆོས་སྒྲོན། ཕུན་ཚོགས་ལྷ་སྒྲོན་བཅས་གསུམ་ནི་ཕུགས་འདུན་ཡོད་པ་དང་། དོན་གཉེར་ཕོད་པ། དོན་གཉེར་ལ་ཧུར་བརྩོན་ཆེ་བའི་རིན་སྤུངས་རྫོང་གི་ལས་གཏོད་སློབ་ཆེན་སློབ་མ་ཡིན་ཞིང་། ལས་གཏོད་ལམ་བུའི་ཐོག ཚོགས་པ་དེས་སྒེར་གྱི་བྱ་གཞག་སྟོབས་ཆེར་བཏང་བ་དང་ཆབས་ཅིག་ཕ་ཡུལ་གྱི་འཕེལ་རྒྱས་ལའང་རམ་འདེགས་བྱས་པ་རེད།
“ལས་གཏོད་ནི་མཚོ་མོའི་རླབས་རྒྱུན་ཁྲོད་དུ་སྐྱོད་པའི་གྲུ་གཟིངས་དང་འདྲ་བས་ཆོད་སེམས་དང་བློ་རྩ་བརྟན་པོ་དགོས་ལ། བསམ་ཕོད་པ་དང་བྱེད་ཕོད་པ། གོ་སྐབས་དམ་འཛིན་བྱེད་ནུས་པ་བཅས་དགོས”ཞེས་2020ལོར་བོད་ལྗོངས་སློབ་ཆེན་ནས་ཐོན་པའི་ལས་གཏོད་པ་དབང་ལགས་ཀྱིས་བརྗོད།
ན་ནིང་གི་ཟླ་9ཚེས་29ཉིན། རིན་སྤུངས་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མར་ཁ་ཕྱོགས་ནས་ཆུ་དོན་ཀུང་སིའི་མ་རྐང་ནང་ཞུགས་མཁན་བསྡུ་བའི་སྤྱི་བསྒྲགས་སྤེལ་ཚུན། ལས་གཏོད་ཀྱི་ཕུགས་འདུན་ཡོད་ཀྱང་མ་དངུལ་དང་གོ་སྐབས་མ་རག་པའི་དབང་ལགས་དང་། ཚེ་རིང་ཆོས་སྒྲོན། ཕུན་ཚོགས་ལྷ་སྒྲོན་བཅས་གསུམ་གྱིས་རེ་བའི་འོད་སྣང་མཐོང་སྟེལས་གཏོད་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་རྫོང་སྲིད་གཞུང་དང་མཉམ་དུ་རིན་སྤུངས་རྫོང་འབྱུང་དྲན་ཆུ་དོན་ཚད་ཡོད་ཀུང་སི་བཙུགས། ཀུང་སིའི་ཐོ་འགོད་མ་རྩ་སྒོར་ཁྲི་100ཟིན་པའི་ཁྲོད་རྫོང་སྲིད་གཞུང་གིས་སྒོར་ཁྲི་51བཏང་བས་མ་རྐང་གི་51%བཟུང་ཡོད། གཞན་ཡང་རྫོང་སྲིད་གཞུང་གིས་ཆུ་དོན་ཀུང་སིའི་ལས་སྒྲུབ་བྱ་ཡུལ་གཞུང་ལས་ཐོག་ཁང་རིན་པ་མེད་པར་མཁོ་འདོན་བྱས་པ་མ་ཟད། དེ་མཚུངས་ཀྱི་ཆུ་རིན་དང་གློག་རིན་ཡང་ཆག་ཡང་བཏང་ཞིང་། ཉེ་དུས་ད་དུང་ལས་གཏོད་ཀྱི་འགོ་འཛུགས་མ་དངུལ་སྒོར་ཁྲི་18སྤྲོད་ཐེངས་གཅིག་ལ་སྤྲད་པ་རེད།
རིན་སྤུངས་རྫོང་འབྱུང་དྲན་ཆུ་དོན་ཚད་ཡོད་འགན་འཁྲི་ཀུང་སི་ནི་རིན་སྤུངས་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་རིན་བསྡུ་བ། འཐུང་ཆུའི་ལས་གྲྭ་ཉམས་བཟོ། ཆུ་བེད་ལས་གྲྭ་འགན་གཙང་ལེན་པ་སོགས་ཀྱི་ཞབས་ཞུ་གཅིག་ཏུ་འདུས་པའི་ཁེ་ལས་ཤིག་ཡིན་ཞིང་། མིག་སྔར་ཀུང་སིས་རིན་སྤུངས་རྫོང་དང་དེ་བཞིན་གྲོང་གསེབ་ཀྱི་ཆུ་རིན་བསྡུ་བ་དང་རིན་སྤུངས་རྫོང་གི་ཆུ་ཚོད་24ཡི་ཆུ་མཁོ་འདོན་གྱི་གནད་དོན་གྲལ་བཤེར་དང་ཉམས་བཟོ་བདག་སྐྱོང་གི་ལས་འགན་འཁུར་གྱི་ཡོད།
ཆུ་དོན་ཀུང་སི་བཙུགས་པས་རིན་སྤུངས་རྫོང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་དུས་ཡུན་རིང་པོའི་ནང་རྫོང་གྲོང་གི་མང་ཚོགས་ལ་འཕྲད་པའི་ཆུ་དགོས་དུས་ལེན་མ་ཐུབ་པ་དང་སྤྱོད་མ་ཐུབ་པ་དང་དེ་བཞིན་བདེ་ཐང་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རིན་སྤུངས་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།
དབང་ལགས་ཀྱིས་རང་ཉིད་ཀྱི་ལས་གཏོད་ཉམས་མྱོང་མཉམ་སྤྱོད་བྱེད་སྐབས“དོན་དངོས་ཐོག་ལས་གཏོད་ཀྱི་ཐབས་ཤེས་འདི་རེད་ཅེས་བསྟན་རྒྱུ་མི་འདུག གལ་ཏེ་གོ་སྐབས་འཚོལ་མཁས་པོ་དང་། ཚོད་ལྟ་ཟམ་མི་ཆད་པར་བྱེད་ཕོད་པ། འགྲན་སློང་བྱེད་ནུས་པ་བཅས་བྱས་ཚེ་གྲུབ་འབྲས་ཐོབ་ངེས་རེད”ཅེས་བརྗོད་པ་རེད།