དབུ་ཤོག>ཞིང་འབྲོག་གསར་པ།
  • ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་གྲགས་ཅན་ཞིང་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-18

    དབྱར་འགོའི་དུས་སུ་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོར་སྐྱོད་སྐབས་རི་འདབས་སུ་འབྲས་བུའི་ཁུར་གྱིས་ལྕི་བའི་སྟར་ཁ་དང་། སེ་འབྲུ། སེའུ། ཚ་ལུ་མ་སོགས་ཡོད་ལ། ལྗོན་ཤིང་སྟུག་པོ་དང་རི་ཁྲོད་ནས་འདམ་བག་གི་དྲི་ཞིམ་འཐུལ་བ་དང་། གང་ས་ནས་བྱ་སྐད་ཡང་ཡང་གྲགས་ཀྱི་ཡོད།

    ལོ་11གི་གོང་དུ་གནས་འདི་ཐང་རྒོད་ཅིག་ཡིན་ཞིང་། ལོ་བདུན་ཅུར་སླེབས་པའི་བགྲེས་སོང་ཞིག་གིས་གྲོང་ཚོ་འདིར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བཏང་ཡོད།

    ཁོང་ནི་བགྲེས་སོང་བཀྲ་ཤིས་དབང་འདུས་ཡིན་ཞིང་། སྔ་རྗེས་སུ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཀྲུང་གོ་ཚན་རིག་མཐུན་ཚོགས་སོགས་ཀྱིས་མཉམ་འབྲེལ་ཐོག “རྒྱལ་ཡོངས་གྲོང་གསེབ་ཀྱི་ཚན་རིག་སྦྱོང་སྤྱོད་ཀྱི་གཞོན་ནུའི་དཔེ་དམག”གི་མཚན་སྙན་དང་། ཡུན་ནན་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་ཚན་རྩལ་ཐིང་གིས“སྐབས་དང་པོའི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པའི”མཚན་སྙན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་ནོར་སྲིད་པུས“རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དང་ཞིང་ཕན་གྲོང་དར་གྱི་སྣེ་ཁྲིད་པའི”མཚན་སྙན་བཅས་སྤྲད་པ་རེད།

    བཀྲ་ཤིས་དབང་འདུས་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཞིག་ཡིན་པ་དང་། ཁོང་གིས་བཙུགས་པའི་མཉམ་ལས་ཁང་དེར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་དང་ནོར་སྲིད་ཐིང་གིས“བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ཚན་རིག་ཁྱབ་གདལ་བྱ་སྤྱོད་འཆར་གཞིའི་སྔོན་ཐོན་ཚན་པ”དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྔོན་ཐོན་དཔེ་སྟོན་ཁང” རྒྱལ་ཁབ་ཞིང་ལས་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་སོགས་ཀྱིས“རྒྱལ་ཁབ་ཀྱི་ཞིང་པའི་དཔེ་སྟོན་མཉམ་ལས་ཁང”བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    ཉེ་བའི་ལོ་ཤས་ནང་བཀྲ་ཤིས་དབང་འདུས་གནས་དེའི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་ཁོང་གིས་ཁེངས་སྐྱུང་ངང་ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱིས་དགའ་ཞེན་བྱེད་པའི་ལས་ལ་གཞོལ་བཞིན་མཆིས།

    སྟར་ཁ་དང་། རྒུན་འབྲུམ། སེ་འབྲུ་སོགས་དཔལ་འབྱོར་འབྲས་ཤིང་བཏབ་པ་ནས་ཇ་ལོ་ཚོད་འདེབས་དང་། བྱ་དེ་དང་བཞོན་མ་སོགས་གསོ་ཚགས་བྱས་པའི་བར་བཀྲ་ཤིས་དབང་འདུས་ཀྱིས་སྔ་ཕྱི་བར་གསུམ་དུ་སེམས་ནུས་ཡོད་རྒུ་བཏོན་ཏེ་རང་ཉིད་ཀྱི“ལྗང་མདོག་ཁྱིམ་གཞིས”བཏོད་ཡོད།

    2010ལོའི་ཟླ་8པར་རྒྱུ་ནོར་ཁྲི་སྟོང་མང་པོ་ཡོད་པའི་བཀྲ་ཤིས་དབང་འདུས་ཡུན་ནན་ཏ་ལི་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་ཀྱིས་གྲོང་ཚོའི་ཐང་རྒོད་ཅིག་འགན་གཙང་བླངས་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། “ཀུང་སི+རྟེན་གཞི+ཞིང་དུད”ཀྱི་བྱེད་ཐབས་སྤྱད་དེ་སྟར་ཁ་དང་། རྒུན་འབྲུམ། སེ་འབྲུ་སོགས་དཔལ་འབྱོར་འབྲས་ཤིང་བཏབ་པ་མ་ཟད་བྱ་དེ་དང་བཞོན་མ་སོགས་ཀྱང་གསོ་ཚགས་བྱས་པ་རེད།

    ཏ་ལི་རུ་ལས་གཏོད་བྱེད་པའི་ལོ་དེ་དག་ནང་བཀྲ་ཤིས་དབང་འདུས་ཀྱིས་ཡུན་ནན་གྱི་ས་ཁུལ་མང་པོ་ཞིག་གི་མི་སེར་ཚོས་སྟར་ཁ་དང་སེའུ་སོགས་དཔལ་འབྱོར་འབྲས་ཤིང་བཏབ་པ་བརྒྱུད་དབུལ་པོའི་གནས་ལས་སྒྲོལ་ཏེ་རླངས་འཁོར་ཉོས་པ་དང་ཁང་པ་ཆེན་པོར་སྡོད་རྒྱུ་བྱུང་བ་མཐོང་སྐབས་ཁོང་ལས་མེད་ངང་སྡོད་ག་ལ་བཟོད། “2008ལོ་ནས་བཟུང་ངས་རྟག་ཏུ་ས་གནས་དེ་གའི་སྟར་ཁའི་རྟེན་གཞིར་ལྟ་སྐོར་ལ་བསྐྱོད་དེ་ཁོང་ཚོའི་འདེབས་གསོའི་ལག་རྩལ་སློབ་སྦྱོང་བྱས་པ་མ་ཟད། སོན་བཟང་ཉོ་སྒྲུབ་དང་ཁྲོམ་རར་བརྟག་ཞིབ་ཀྱང་བྱས་པ་ཡིན། 2010ལོར་ངས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཉེ་འགྲམ་གྱི་མང་ཚོགས་དབུལ་པོའི་སྣེ་ཁྲིད་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱས་པ་ཡིན”ཞེས་བཀྲ་ཤིས་དབང་འདུས་ཀྱིས་དྲན་གསོ་བྱེད་བཞིན་བཤད།

    ལོ་10ལྷག་ཙམ་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ནགས་ལས་སྡེ་ཚན་གྱི་མཛུབ་ཁྲིད་འོག་མཉམ་ལས་ཁང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་སྟེ་སྟར་ཁ་དང་། སེ་འབྲུ། ཚ་ལུ་མ་སོགས་དཔལ་འབྱོར་ནགས་ཤིང་མུའུ་2000ལྷག་ཙམ་བཏབ་པ་དང་། སྟར་ཁ་དང་ཚ་ལུ་མ་སོགས་འདེབས་འཛུགས་མཁས་པ་500ལྷག་ཙམ་གསོ་སྦྱོང་བྱས་པ། མང་ཚོགས་དབུལ་པོ་30ལྷག་ཙམ་ཡུན་རིང་གླ་པར་གདན་ཞུ་བྱས་ནས་ཟླ་རེར་མི་རེར་ཆ་སྙོམས་གླ་ཆ་སྒོར་3500ལྷག་ཙམ་སྤྲད་པ་རེད།

    གཞན་ཡང་མཉམ་ལས་ཁང་གིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་མི་ཐེངས་5000ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་པར་འབབ་འཕར་སྒོར་ཁྲི་1200ལྷག་ཙམ་བྱུང་བ་དང་ཆབས་ཅིག ཉེ་འགྲམ་གྱི་མང་ཚོགས་ཚོར་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཚོས་སྟར་ཁ་དང་རྒུན་འབྲུམ་སོགས་དཔལ་འབྱོར་འབྲས་ཤིང་གཞི་ཁྱོན་ཅན་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་གྱིས་མང་ཚོགས་ཚོའི་ཡོང་འབབ་མང་དུ་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།