དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྱད་ལྡན་ཐོན་ལས་དར། འབྲོག་པ་ཕྱུག་པོ་ཆགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ལིན་དང་ཞུས་ཡུས་ཡའོ།   |     སྤེལ་དུས།  2021-06-16

    རྒྱང་རིང་གི་གངས་རིས་ས་གཞི་རྒྱན། ནམ་མཁའ་སྔོ་ཞིང་དྭངས། རྩྭ་ཐང་སྟེང་འབྲི་གཡག་ཁྱུ་དང་ཁྱུས་རྩྭ་ཆུར་རོལ་བཞིན་མཆིས། འཁྲིས་སུ་སླེབས་སྐབས་འབྲི་གཡག་ཚང་མར་ཚོན་སྣ་མི་གཅིག་པའི་རྣ་རྟགས་སྣ་ཚོགས་བསྒར་ཡོད་པ་མཐོང་བྱུང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་མཆོད་རྟེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཕྲིན་ལས་ཡེ་ཤེས་ཀྱིས“དང་ཐོག་ང་ཡང་ཡ་མཚན་ཆེན་པོ་སྐྱེས་བྱུང་། འདི་ནི་ང་ཚོའི་རྫོང་གིས་ཁྱབ་གདལ་བཏང་བའི་འདམ་གཞུང་གི་འབྲི་གཡག་གི་ཐོབ་ཐང་ལག་ཁྱེར་རེད”ཅེས་བཤད་བྱུང་།

    འདམ་གཞུང་གི་རྩྭ་ཐང་ཐོག་ནོར་ལུག་ཁྲི་བཅུ་ཕྲག་གསོ་ཚགས་བྱས་ཡོད། གནས་འདིའི་འབྲི་གཡག་རྒྱུད་པ་བཟང་ལ་ཤའི་བྲོ་བ་ཡང་ཞིམ་པོ་ཡོད། 2015ལོ་ནས་བཟུང་སྤུས་རྟགས་སྔར་བས་བཏོད་དེ་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་ཆེད། འདམ་གཞུང་རྫོང་གིས་གློག་རྡུལ་རྣ་རྟགས(ཉིང་ལྷེབ)བརྒྱུད་འབྲི་གཡག་གི་འཚར་ལོངས་བརྒྱུད་རིམ་དང་བདེ་ཐང་གི་གནས་ཚུལ་ཟིན་ཐོར་བཀོད་དེ་འདམ་གཞུང་གི་ཚགས་ཤའི་ཁུངས་འདེད་མ་ལག་བཙུགས་ནས་འབྲི་གཡག་གསོ་ཚགས་ཚན་རིག་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།

    ཁྱིམ་ཚང་གི་འབྲོག་ར་གཉེར་སྐྱོང་ཁྱབ་གདལ་གཏོང་རྒྱུ་ནི་འདམ་གཞུང་གིས་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། 2017ལོ་ནས་བཟུང་འཕྲིན་ལས་ཡེ་ཤེས་ཀྱིས་གྲོང་ཚོའི་ཞིང་འབྲོག་པ་གཞན་ཞིག་དང་མཉམ་དུ་ཁྱིམ་ཚང་འབྲོག་ར་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་འགོ་ཚུགས། སྲིད་གཞུང་གི་རྒྱབ་སྐྱོར་འོག་འབྲོག་རར་ཚད་ལྡན་ཅན་གྱི་ལྷས་ར་དང་། གཟན་ཁང་། རིམས་འགོག་ཁང་སོགས་བསྐྲུན་པ་མ་ཟད། ད་དུང་ཁྲོན་པ་ཞིག་ཀྱང་དྲུས་ཡོད། ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ལས་དོན་པས་དུས་བཀག་ལྟར་གསོ་ཚགས་དུད་ཚང་ལ་ལག་རྩལ་གསར་པ་འཆད་འགྲེལ་བྱེད་ཀྱི་ཡོད་ལ་ནོར་ལུག་གི་རིམས་ནད་འགོག་བཅོས་དང་ཞིབ་བཤེར་བྱེད་ཐབས་ཀྱང་སློབ་ཀྱི་ཡོད། ཁྱིམ་ཚང་འབྲོག་ར་བཙུགས་རྗེས་འཕྲིན་ལས་ཡེ་ཤེས་ཀྱི་བུས་ལག་རྩལ་པ་བྱས་ཏེ་གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད། ལོ་གཉིས་ནང་འབྲི་གཡག་རེ་འཚོང་བའི་ཡོང་འབབ་ལོ་རེར་སྒོར་2000འཕར་གྱི་ཡོད།

    འཁྱགས་གསོས་སྐྱེལ་འདྲེན་ཁྱབ་གདལ་གྱིས་འདམ་གཞུང་གི་ཚགས་ཤ་ཕྱི་ལ་འཚོང་རྒྱུར་སྐུལ་འདེད་བཏང་ཞིང་། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་། འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཉིང་ཧུང་ཧའེ་ཡིས་སྔོན་ཐོན་གྱི་འཁྱགས་གསོས་སྒྲིག་ཆས་ལ་བརྟེན་ནས་གང་ཐུབ་ཅི་ཐུབ་ཀྱིས་ཚགས་ཤའི་བྲོ་བ་མི་ཤོར་བ་བྱེད་པ་དང་མགྱོགས་ཤོས་ཉིན་གཉིས་ནང་ཚགས་ཤ་དེ་དག་གྲོང་ཁྱེར་གྱི་གྲོང་མིའི་གསོལ་ཅོག་ཐོག་བཤམས་ཀྱི་ཡོད་ཅེས་བཤད། འཁྱགས་གསོས་ཚགས་ཤ་འཚོང་དོན་གང་ཡིན་ནམ། སྔོན་ཆད་འདམ་གཞུང་གི་ཚགས་ཤ་སོས་པ་མང་ཆེ་བ་ཉེ་འཁོར་གྱི་ས་ཁུལ་ཁག་ཏུ་བྲིན་ཚོང་བྱེད་པ་དང་། ཉུང་ཤས་ཤིག་ལས་སྣོན་དང་ཤ་སྐམ་པོ་བཟོས་རྗེས་གཞི་ནས་ས་གནས་གཞན་ལ་ཕྱིར་ཚོང་བྱེད་ཀྱི་ཡོད། “ཚགས་ཤ་སྐམ་པོ་དང་བསྡུར་ཚེ་འཁྱགས་གསོས་ཚགས་ཤའི་ཟུར་བསྣན་རིན་ཐང་50%ཡིས་མཐོ་བ་ཡོད་ལ་ཁེ་སྤོགས་ཀྱང་30%ཡིས་མཐོ་བ་ཡོད”ཅེས་འདམ་གཞུང་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཙོའུ་དབན་མིང་གིས་ངོ་སྤྲོད་བྱས།

    ད་ཆ་འདམ་གཞུང་གི་ཚགས་ཤ་དྲ་ཐོག་ཚོང་ཁང་མང་པོ་ནས་འཚོང་གི་ཡོད་ལ་གྲོང་ཁྱེར་མང་པོའི་སྒོ་རྩིས་ཚོང་ཁང་གི་ཚོང་སྒྲོམ་ཐོག་ལའང་སྒྲིག་ཡོད། འདམ་གཞུང་གི་འབྲི་གཡག་ཐོན་ལས་ཉིན་རེ་བཞིན་རྒྱ་སྟོབས་ཆེ་རུ་སོང་བ་དེས་འབྲོག་པ་མང་པོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། 2020ལོར་འདམ་གཞུང་གི་ཁེ་ལས་དང་། ཁྱིམ་ཚང་འབྲོག་ར། མཉམ་ལས་ཁང་བཅས་ཀྱིས་འབྲི་གཡག་མགོ་གྲངས་6975རྒྱགས་གསོ་བྱས་ཏེ་བཤས་བཏང་བས་འབྲོག་པ་དུད་ཚང་981དང་མི་3100ལྷག་ཙམ་ལ་ཕན་པ་ཐོབ་ཅིང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་6626.2བྱུང་ནས་མི་རེར་འབབ་འཕར་སྒོར་4565བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།