དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་རྒྱུད་བཟང་དང་སོན་བཟང་ཁྱབ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-06-12

     བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་ནས་ཀྱི་སོན་བཟང་ཁྱབ་ཚད་90%ཟིན་པ་དང་། ཁྱིམ་བྱ་དང་སྒོ་ཕྱུགས་ཀྱི་རྒྱུད་བཟང་ཁྱབ་ཚད་30%ཟིན་པ། ཚན་རྩལ་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཚད་55.9%ཟིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ལོའི་ཆ་སྙོམས་བཀོད་སྒྲིག་བྱས་པའི་ནས་ཀྱི་སོན་བཟང་འདེབས་གསོའི་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་16ལྷག་ཙམ་ཟིན་པ་དང་། རྒྱུད་པ་ལེགས་བཅོས་བྱས་པའི་བཞོན་མ་མགོ་གྲངས་ཁྲི་15ཙམ་ཟིན་ཡོད། རྒྱུད་བཟང་ལུག་ཐུག་མགོ་གྲངས་ཁྲི་1.7དང་འབྲི་གཡག་མགོ་གྲངས་5000ཁྱབ་གདལ་བཏང་བས། ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ནས་ཀྱི་སོན་དང་། འབྲི་གཡག་དང་བོད་བྱའི་རྒྱུད་པ་འདེམས་གསོ་ཁྱབ་གདལ་གང་མགྱོགས་བཏང་བ་དང་། འབྲུ་རིགས་དང་ཕྱུགས་རིགས་ཁྱུ་ཚོགས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ། སོན་བཟང་གི་ཁ་གསབ་མ་དངུལ་སྤར་བ། ཞིང་འབྲོག་ཐོན་རྫས་ཀྱི་རྒྱུད་བཟང་དང་སོན་བཟང་ཁྱབ་ཚད་མཐོ་རུ་བཏང་ཡོད། ཞིང་འབྲོག་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད།

    ནས་ནི་མཚོ་བོད་ས་མཐོའི་འབྲུ་རིགས་སྐྱེ་དངོས་གལ་ཆེན་ཞིག་དང་བོད་རིགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མེད་དུ་མི་རུང་བའི་བཟའ་བཅའ་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ནས་ཀྱི་སོན་བཟང་འདེབས་གསོ་དང་ཁྱབ་གདལ་བཏང་བའི་ཁྲོད“བོད་ནས་ཨང་2000”ལ་ཐོན་འབབ་མང་བ་དང་ནད་འགོག་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་དེ་ནི་གཙོ་གནད་ཁྱབ་གདལ་གཏོང་བའི་ནས་ཀྱི་སོན་བཟང་ཞིག་རེད། 2020ལོར་བོད་ཀྱི་ནས་ཀྱི་ཐོན་ཚད་ཏུན་ཁྲི་79.5ཟིན་པ་དང་ནས་ཀྱི་མུའུ་རེའི་ཐོན་ཚད་2015ལོ་ནས་སྤྱི་རྒྱ་16.6འཕར་ཡོད།

    ལོ་56ལ་སླེབས་པའི་རྡོ་རྗེ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་ཞིང་པ་ཞིག་ཡིན་པ་དང་ཁྱིམ་དུ་ས་ཞིང་མུའུ་22ཡོད། ཁོང་གིས་གསར་འགོད་པར“དེ་སྔོན་དང་བསྡུར་ན་ད་ཆ་ནས་ཀྱི་ཐོན་ཚད་ཤུགས་ཆེན་འཕར་ཡོད། ནས་ཀྱི་སོན་བཟང་གྲོང་ཚོ་ཡོངས་སུ་ཁྱབ་གདལ་བཏང་རྗེས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་380ལྷག་ཙམ་ཟིན་གྱི་ཡོད”ཅེས་བརྗོད་བྱུང་།

    “གངས་ལྗོངས་ཀྱི་བྱ་དེ་དཀར་པོ”ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་གསོ་སྤེལ་བྱས་པའི་བྱ་མོའི་རྒྱུད་པ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། 1960ལོར་བོད་ཀྱིས་ནང་ས་ནས་ནང་འདྲེན་བྱས་པའི་དེ་ཕོ་དང་ས་གནས་དེ་གའི་བོད་བྱ་རྒྱུད་འདྲེས་སྡེབ་སྦྱོར་བྱས་ནས་གསོ་སྤེལ་བྱེད་འགོ་བཙུགས་ཡོད། རྒྱུད་འདྲེས་སྡེབ་སྦྱོར་བྱས་རྗེས་ཀྱི་བྱ་དེའི་སྤུ་མདོག་དཀར་པོ་ཡིན་པས“ལྷ་སའི་བྱ་དེ་དཀར་པོ”ཞེས་བརྗོད་ཀྱི་ཡོད། 1990ལོར་བྱ་མོ་འདི་རིགས“ལྷ་སའི་བྱ་དེ་དཀར་པོའི”རྒྱུད་པར་གཏན་འཁེལ་བྱུང་ཡོད། 2020ལོའི་ཟླ་9པར“ལྷ་སའི་བྱ་དེ་དཀར་པོ”རྒྱལ་ཁབ་ཕྱུགས་ཟོག་དང་ཁྱིམ་བྱ་རྒྱུད་འཛིན་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་གསར་པར་གཏན་འཁེལ་བྱས་ནས“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”ཞེས་པར་མིང་བསྒྱུར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གངས་ལྗོངས་ཀྱི་བྱ་དེ་དཀར་པོ”ཡིས་གཟའ་འཁོར་72ནང་སྒོ་ང་206ནས་209བར་གཏོང་གི་ཡོད་པ་དེ་བོད་བྱས་སྒོ་ང་གཏོང་ཚད་ལས་99ནས་102བར་གྱིས་མང་བ་ཡོད་པ་དང་ས་མཐོར་སྒོ་ང་སྙོལ་ཚད་75%ཡན་ཟིན་གྱི་ཡོད། “བྱ་མོ་འདིའི་རྒྱུད་པར་གཉན་འགོག་གི་ནུས་པ་ཆེ་བ་དང་། སྒོ་ང་གཏོང་མང་བ། ས་མཐོའི་མི་ཐབས་ཀྱི་སྙོལ་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ས་བབ་མཐོ་ཁུལ་དུ་གསོ་རྒྱུར་འཚམ་པའི་བྱ་མོའི་རྒྱུད་པ་ཞིག་རེད”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མཱ་ཞུའེ་དབྱིང་གིས་བརྗོད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ནས་ཀྱི་སོན་གསར་འདེབས་གསོ་བྱེད་ཤུགས་ཆེ་རུ་ཤུགས་ཆེན་གཏོང་རྒྱུ་དང་། འབྲི་གཡག་དང་། བོད་ལུག བོད་ཕག བོད་བྱ་སོགས་ཀྱི་རྒྱུད་པ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་རྒྱུན་མཐུད་ངང་སྤེལ་རྒྱུ། 2025ལོར་སླེབས་སྐབས་ནས་ཀྱི་སོན་བཟང་ཁྱབ་ཚད་95%ཟིན་པ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཁྱབ་ཚད་40%ཡན་ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།