མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་མག་མག་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་སྐྱོད་སྐབས་བོད་བཟོའི་ཐོག་ཁང་སྟར་པ་རེ་རེ་གྲལ་སྟར་འགྲིག་ཅིང་ཁྲོམ་གཞུང་གཙང་སྦྲ་དོད་པ་དང་། ཁྲོམ་གཞུང་གཞོགས་གཉིས་ཀྱི་དུད་ཁྱིམ་མང་ཆེ་བའི་སྒོ་ཐོད་དུ“ཁྱིམ་ཚང་མགྲོན་ཁང”གི་སྒོ་བྱང་བཀལ་འདུག
མག་མག་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧེང་གིས“ད་ཆ་མག་མག་གྲོང་ཚོའི་མང་ཚོགས་དུད་ཚང་106ནང་ནས་84ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་ཅིང་། དུད་ཚང་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཡོང་གི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
མག་མག་གྲོང་ཚོ་ནི་མཚོ་སྣ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམིགས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ལ་སྐུལ་འདེད་བཏང་བ་དང་། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལམ་བུ་ཞིག་ཏུ་བསྐྱོད་ཡོད། མིག་སྔའི་བར། རྫོང་དེས་འཆར་འགོད་འཛུགས་སྐྲུན་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་27ནང་ནས་23བསྐྲུན་ཟིན་པ་དང་མང་ཚོགས་དུད་ཚང་1292ཀྱི་མི་གྲངས་3966ལ་ཕན་པ་བཏགས་ཡོད་པ་རེད།
དཔེ་སྟོན་འཛུགས་སྐྱོང་བྱས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ།
མག་མག་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ནི་2014ལོ་ནས་སྐྲུན་འགོ་ཚུགས་ཤིང་། 2015ལོར་སྤོས་པ་དང་2016ལོར་ཁྱིམ་ཚང་མགྲོན་ཁང་གཉེར་བའི་བར་གྲོང་ཚོ་དེའི་མང་ཚོགས་སྒྲོལ་མ་ནི་དེའི་ནང་ཞུགས་མཁན་གྱི་གྲས་ཤིག་ཡིན་ལ་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། ཁོང་གིས“ད་ལྟ་མ་གཞི་ངས་ཇ་ཁང་གཉེར་མཚམས་བཞག་ནས་ཆེད་མངགས་ཁྱིམ་ཚང་མགྲོན་ཁང་གཉེར་ཡང་། ལོ་གཅིག་གི་ཡོང་འབབ་སྔར་རྒྱུན་བཞིན་ཁྲི་10ཡས་མས་ཡོང་གི་འདུག”ཅེས་བཤད།
2016ལོར། སྒྲོལ་མས“འབྱོར་འབྲིང་ཁང་པར”ཁང་མིག་5དང་ཉལ་ཁྲི་10ཅན་གྱི་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། ད་ཆ་ཁང་མིག་8དང་ཉལ་ཁྲི་16བར་མང་དུ་བཏང་ཡོད། སྒྲོལ་མས“ལོ་ལྟར་འབབ་འཕར་སྒོར་ཁྲི་10ཡས་མས་ཡོང་བ་ནི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་ཕན་པ་ཐོབ་པ་ཞིག་རེད། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་ཡོད་པ་དེས་ང་ཚོའི་གྲོང་ཚོར་ཡུལ་སྐོར་བ་དེ་བས་མང་བ་ཡོང་གི་འདུག”ཅེས་བཤད།
ཀྲའོ་ཧེང་གིས“ད་ཆ། ཉེ་འཁོར་གྱི་གྲོང་གསེབ་དུའང་མག་མག་གྲོང་ཚོའི་སྐུལ་ཁྲིད་འོག་ཡུལ་སྐོར་ཡོང་འབབ་གསོག་འགོ་ཚུགས་ཡོད་པས་ཚང་མའི་འབྱོར་འབྲིང་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
ཐོན་ལས་སྐུལ་ཁྲིད་ལས་འབབ་འཕར་བརྟན་པོ་བྱུང་བ།
ཐོན་ལས་དར་ཞིང་རྒྱས་པས་འཚོ་བ་དེ་བས་སྐྱིད་དུ་སོང་། ཚད་གཞི་མཐོ་པོས་ཁང་པ་དང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་སྦྲགས་མཚོ་སྣ་རྫོང་གིས་ཞིང་ལས་འཚམ་སར་ཞིང་ལས་གཉེར་བ་དང་། འབྲོག་ལས་འཚམ་སར་འབྲོག་ལས་གཉེར་བ། བཟོ་ལས་འཚམ་སར་བཟོ་ལས་གཉེར་བ། ཚོང་ལས་འཚམ་སར་འཚོང་ལས་གཉེར་བ། ཡུལ་སྐོར་འཚམ་སར་ཡུལ་སྐོར་གཉེར་བ་བཅས་ཀྱི་རྩ་དོན་གཞིར་བཟུང་། གནས་སྤོས་ཁུལ་གྱི་འདེབས་འཛུགས་གསོ་ཚགས་ལས་རིགས་དང་། ཚོང་དོན་འཁོར་རྒྱུག་ལས་རིགས། མི་རིགས་ལག་ཤེས་བཟོ་རྩལ། ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་སྤེལ་སོགས་ལེ་ལག་ཚང་བའི་ཐོན་ལས་སྐྱེད་སྲིང་ལ་གཅིག་གྱུར་འཆར་འགོད་དང་ཇུས་འགོད་བྱས་ནས། ཚད་གཞི་མཐོ་བའི་ཞིང་ཁ་གསར་སྦོལ་དང་། དཔལ་འབྱོར་ནགས་ཤིང་འདེབས་འཛུགས། ཚོང་དོན་ལྟེ་གནས། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད། ཆུའི་ཐོན་ཁུངས་གསར་སྤེལ་སོགས་ཐོན་ལས་རྣམ་གྲངས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཟམ་མི་ཆད་པར་ཡངས་སུ་བཏང་བ་རེད།
ཏང་གི་དམངས་ཕན་སྲིད་ཇུས་ཀྱི་དྲིན་ལས། ཉེ་བའི་ལོ་ཤས་རིང་། སླད་མོན་པ་མི་རིགས་ཤང་གིས“རྟེན་གཞི་+ཞིང་དུད་+མཐུན་ཚོགས”བཅས་ཀྱི་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།
2013ལོར། སླད་མོན་པ་མི་རིགས་ཤང་གིས་མང་ཚོགས་132སྒྲིག་འཛུགས་བྱས་ཏེ་སླད་མོན་པ་མི་རིགས་ཤང་ཞིང་འབྲོག་པའི་ཇ་ལོའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ད་ཆ། མཉམ་ལས་ཁང་དེས་ཤང་དེའི་སྲིད་འཛིན་གྲོང་ཚོ་60ཡི་མི་143ལ་ལས་ཞུགས་ཡོང་བར་སྐུལ་ཁྲིད་ཐུབ་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.9བྱུང་བ་དང་མི་རེར་ཁེ་སྤོགས་སྒོར་3500བགོ་རྒྱུ་བྱུང་བ་རེད།
འདི་ལོ་ལོ་27ལ་སླེབས་པའི་སླད་མོན་པ་མི་རིགས་ཤང་ཞན་གྲོང་ཚོའི་གྲོང་མི་ཕུན་ཚོགས་རྡོ་རྗེ་ནི་མཉམ་ལས་ཁང་དུ་ལས་ཀར་ཞུགས་ནས་ལོ་8སོང་ཞིང་། ཁོང་གིས“ད་ཆ། ཇ་འདེབས་པ་དང་། ཇ་ལོ་འཐུ་བ། ཇ་བཟོ་བ་བཅས་ཚང་མ་ངས་བྱང་ཆུབ་པ་ཤེས་ཀྱི་ཡོད། མཉམ་ལས་ཁང་ལས་ངར་ཡོང་འབབ་བརྟན་པོ་བྱུང་། ན་ནིང་ངའི་ཁྱིམ་གྱི་ས་ཞིང་མུའུ་3ལ་ས་ཞིང་བརྒྱུད་བཤུག་གི་ཡོང་འབབ་སྒོར་ཁྲི་1.5རག་པ་དང་། ནང་མི་བཞི་མཉམ་ལས་ཁང་ལ་ཞུགས་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9ཟིན་པ་དང་ཁེ་སྤོགས་སྒོར་3500རག་ནས་ལོ་འཁོར་མོར་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་10.5བྱུང”ཞེས་གསར་འགོད་པར་བཤད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གསོན་ཤུགས་འཕེལ་བར་བྱེད་པ།
ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་གིས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་རྩ་འཛུགས་ཀྱི་མཁར་རྫོང་བརྟན་པོ་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ“མཐའ་མཚམས་ཏང་འཛུགས་སྐྱོང་གི་ཁྱམས་རིང་དམར་པོའི་འདུ་འགོད”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཏང་རྩ་འཛུགས་ཀྱི་ཁྱབ་རྒྱ་སྣུར་སྲིང་དང་ནུས་པ་འདོན་སྤེལ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། མཐའ་མཚམས་ཀྱི་གནས་སྐབས་ཏང་ཀྲི་པུའུ་དང་སྐོར་སྐྱོད་ཏང་ཚོགས་ཆུང་གི་བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་ཏང་རྩ་འཛུགས་21ལུགས་མཐུན་བཀོད་སྒྲིག་དང་བྱེད་སྒོ་སྤེལ་ཡུལ་17ཉམས་བཟོ་འཛུགས་སྐྲུན་བྱས་ཏེ་མཚོ་སྣའི་ཁྱད་ཆོས་ལྡན་པའི་ཏང་རྩ་འཛུགས་ཁག་གཅིག་ཧུར་ཐག་བཏོད་པ་དང་། “གུར་ནང་གི་ཏང་རྩ་འཛུགས”དང“རྟ་ཐོག་གི་སྐོར་སྐྱོད་ཏང་རྩ་འཛུགས”སོགས་རྩ་འཛུགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་གང་དུ་ཡོད་ན་ཏང་ཡོན་དེ་གར་ཡོད་པ་དང་། དོ་དམ་གང་དུ་བྱས་ན་དེ་གར་ཏང་གི་བྱེད་སྒོ་ཡོད་པ་མངོན་འགྱུར་བྱུང་ཡོད།
འདི་ལོ་ལོ་65ལ་སླེབས་པའི་ཚེ་རིང་བསྟན་དར་ནི་1974ལོར་ཏང་ལ་ཞུགས་ཤིང་། མཚོ་སྣ་རྫོང་ལམ་ཕུག་ཤང་ཐང་དབུ་གྲོང་ཚོའི་ཏང་ཡོན་རྒན་གྲས་ཤིག་རེད། ན་ནིང་ཟླ་8པར། ཁོང་གིས་སྣེ་འཁྲིད་དེ་ཆུ་ནག་གྲོང་ཚོ་ནས་ས་བབ་དེ་བས་མཐོ་བ་དང་མཐའ་མཚམས་དང་དེ་བས་ཐག་ཉེ་བའི་ཐང་དབུ་གྲོང་ཚོར་སྤོས། ཁོང་གིས“ཏང་དང་སྲིད་གཞུང་གིས་ང་ཚོར་ཡག་པོ་འདི་འདྲ་གནང་གི་འདུག ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ང་ནི་ཏང་ཡོན་ཞིག་ཡིན་པས་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ངེས་ཡིན”ཞེས་བཤད་བྱུང་།