དབུ་ཤོག>ཞིང་འབྲོག་གསར་པ།
  • རྔ་བཟོས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-04

    སྲི་ཆོད་རྡོ་རྗེ་ནི“སྙེ་མོའི་ཁྱད་ནོར་གསུམ་དང་ལག་རྩལ་བདུན”གྱི་གྲས་ཞོ་ལེགས་རྔའི་འབྱུང་གནས་སུ་གྲགས་པའི་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོར་སྐྱེས་པ་དང་། ཆུང་དུས་ནས་ཁོང་གིས་སྤོ་བོ་ལགས་ཀྱིས་བྱང་ཆུབ་པའི་ལག་ཤེས་ལ་བརྟེན་ནས་ཀོ་བ་ཆེན་པོ་ཞིག་ལ་སྤྱོད་གོ་ཆེ་བའི་རྔ་ཞིག་བཟོས་པ་མཐོང་སྟེ། ཡིད་དབང་རབ་ཏུ་འཕྲོགས།

    ལོ་བཅོ་ལྔར་སླེབས་སྐབས། སྲི་ཆོད་རྡོ་རྗེས་སྤོ་བོ་ལགས་དང་ཕའི་འགྲམ་ནས་རྔ་བཟོ་སྟངས་སྦྱངས། ད་ཆ་སྲི་ཆོད་རྡོ་རྗེ་རྔ་བཟོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པ་མ་ཟད། ཁྱིམ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་གཙོ་བོའང་རེད།

    ཁོང་གི་དྲན་གསལ་ལ། རྔ་བཟོ་བའི་ལས་རིམ་རྙོག་འཛིང་ཆེ་ལ་ཡོང་སྒོ་དེ་ཙམ་ཆེན་པོ་མེད། ཁོང་གི་སྤོ་བོ་ལགས་སྐུ་ན་ཕྲ་བའི་སྐབས་རྔ་བཟོའི་ལས་རིགས་སྐབས་ཤིག་རིང་ཉམས་ནས་བཟོ་ཁང་ཡང་རིམ་བཞིན་སྒོ་རྒྱག་དགོས་འཁེལ་བ་རེད།

    སྤོ་བོ་ལགས་ཀྱིས་རྔ་བཟོ་བའི་འདུན་པ་བློ་ལ་བཅངས་མ་ཐག་ནང་མིས་ངོ་རྒོལ་ཤུགས་ཆེན་བྱས་མོད། ཡིན་ནའང་སྟབས་ལེགས་པ་ཞིག་ལ་སྤོ་བོ་ལགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་བྱས་པའི་དབང་གིས་ལག་ཤེས་དེ་ཕྱི་རབས་པ་རྣམས་ལ་འཇོག་ཐུབ་ཡོད། “ང་ནི་རྒྱུན་འཛིན་མི་རབས་གསུམ་པ་དེ་ཡིན། རང་ཉིད་སྐྱེ་དུས་རིག་གནས་འཕེལ་རྒྱས་དང་དར་རྒྱས་ཆེན་པོ་བྱུང་བ་དང་ཁྲོམ་རར་རྔ་དགོས་མཁོ་ཇེ་ཆེར་འགྲོ་བའི་སྐབས་ཡིན་སྟབས། ང་ཚོས་བཟོས་པའི་རྔ་ཇི་ཙམ་བཙོངས་པ་དེ་ཙམ་གྱིས་ཉོ་མཁན་མང་དུ་སོང་ནས་ཁྱིམ་གྱི་འཁོས་ཀ་རིམ་བཞིན་ལེགས་སུ་སོང་ཞིང་། སྙེ་མོ་རྫོང་ལ་རྔ་བཟོ་བ་ཡོད་པ་མི་མང་པོས་ཤེས་ཀྱི་ཡོད། དྲན་གསལ་ལ། 2009ལོར་རྔ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་སྟབས། ང་ཚོའི་ནང་མི་རྣམས་དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང”ཞེས་སྲི་ཆོད་རྡོ་རྗེས་དགའ་སྤྲོའི་ངང་བཤད།

    2014ལོར་སྲིད་གཞུང་གི་ལྕག་སྐུལ་དང་རོགས་རམ་ལ་བརྟེན་ནས་སྲི་ཆོད་རྡོ་རྗེའི་ཁྱིམ་གྱིས་ཞོ་ལེགས་ཀྱི་སྲོལ་རྒྱུན་རྔའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་5ཡི་མི་16ལས་ཀར་བསྡུས་པ་རེད།

    མངགས་ཐོ་ཇེ་མང་དུ་སོང་ནས་ཡུལ་མི་སྔར་ལས་མང་བས་རང་འགུལ་ངང་མཉམ་ལས་ཁང་དུ་རྔ་བཟོ་རྩལ་སྦྱོང་བར་ཡོང་གི་ཡོད། “ཁྲོམ་རའི་དགོས་མཁོར་འགྱུར་ལྡོག་བྱུང་བ་དང་སྦྲགས་ཞོ་ལེགས་རྔའི་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་བཏང་ནས་ཡུལ་སྐོར་གྱི་ཐོན་ཟོག་ཁག་གཅིག་གསར་སྤེལ་བྱས་ཏེ་ཡུལ་མིའི་ཡོང་འབབ་མང་དུ་གཏོང་བ་དང་ཆབས་ཅིག མི་དེ་བས་མང་བས་ང་ཚོའི་ཞོ་ལེགས་རྔ་བཟོའི་གནའ་བོའི་ལག་རྩལ་ལ་རྒྱུས་མངའ་བྱེད་འདོད་བྱེད”ཅེས་སྲི་ཆོད་རྡོ་རྗེས་བློ་རྩ་བརྟན་པོའི་སྒོ་ནས་བཤད།

    ད་ཆ་སྲི་ཆོད་རྡོ་རྗེས་རིག་གནས་གསར་གཏོད་ཀྱི་ཐོན་ཟོག་བཟོ་བ་ནས་འགོ་བཙུགས་ཏེ་ཆུང་ལ་འཁྱེར་བདེ་བའི་རྔའི་སྒྲིག་ཆས་བཟོ་ཡི་ཡོད། གསར་གཏོད་དེར་ནང་སའི་ཡུལ་སྐོར་བ་མང་པོས་དགའ་པོ་བྱས་ནས་བོད་ཀྱི་སྲོལ་རྒྱུན་རྔའི་བཟོ་རྩལ་དེ་རིག་གནས་ཡུལ་སྐོར་གྱི་ཐོན་ཟོག་ལ་བརྟེན་ཏེ་ཁྱིམ་ཚང་མང་པོར་ཁྱབ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།