ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཞིང་འབྲོག་ལས་སྤུས་འབོར་གཉིས་ལྡན་ཡོང་བ་དང་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར། ནས་ཀྱི་ཐོན་འབབ་མཐོར་གཏོང་། ཤ་དང་དཀར་ཆུའི་ཐོན་འབབ་མཐོར་གཏོང་བཅས་ལས་དོན་གྱི་ཕན་འབྲས་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་ནས་དཔྱད་ཞིབ་རིམ་པ་ཕུལ་བྱུང་ཡིན་པའི་གྲོང་ཁྱེར་དང་ས་ཁུལ་ལ་གཟི་བརྗིད་མཚན་སྙན་སྤྲད་པ་མ་ཟད། བྱ་དགའི་དངུལ་ཡང་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་གྱི་ཕྱོགས་བསྡུས་དཔྱད་ཞིབ་བྱས་འབྲས་གཞིར་བཟུང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་འཕར་ཚད་13%ཟིན་པའི་གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་12.7%ཟིན་པའི་ལྷ་ས་གྲོང་ཁྱེར་གྱི་དཔྱད་ཞིབ་རིམ་པ་ཕུལ་བྱུང་དུ་གཏན་འཁེལ་བྱས་ནས། “2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར”གྱི་མཚན་སྙན་སྤྲད་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་ལ་བྱ་དགའ་དངུལ་སྒོར་ཁྲི་3000སྤྲད་པ་དང་། ལྷ་ས་གྲོང་ཁྱེར་ལ་བྱ་དགའ་དངུལ་སྒོར་ཁྲི་2000སྤྲད་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་དང་རྒྱུན་གཏན་གྱི་ལས་དོན་སྤེལ་ཚུལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་འབྲས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་ལ་དཔྱད་ཞིབ་རིམ་པ་ཕུལ་བྱུང་ཡིན་པའི་གཏན་འཁེལ་བྱས་ནས“2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་གྱི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར”གྱི་མཚན་སྙན་སྤྲད་པ་མ་ཟད། བྱ་དགའ་དངུལ་སྒོར་ཁྲི་500སྤྲད་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གི་2020ལོའི་ནས་ཀྱི་ཐོན་འབབ་འཕར་ཆག་དང་། འདེབས་ཁྱོན་འཕར་ཆག མུའུ་རེའི་ཐོན་ཚད་འཕར་ཆག སྤྱིའི་ཐོན་འབབ་ཀྱི་བསྡུར་ཚད། སོན་བཟང་འདེབས་ཁྱོན་སོགས་ཀྱི་ཕྱོགས་བསྡུས་ཞིབ་དཔྱད་གྲུབ་འབྲས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་ལ་དཔྱད་ཞིབ་རིམ་པ་ཕུལ་བྱུང་ཡིན་པའི་གཏན་འཁེལ་བྱས་ནས“2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ནས་ཀྱི་ཐོན་འབབ་མཐོར་གཏོང་གི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར”གྱི་མཚན་སྙན་སྤྲད་པ་མ་ཟད། བྱ་དགའ་དངུལ་སྒོར་ཁྲི་500རེ་སྤྲད་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གི་2020ལོའི་སྒོ་ཕྱུགས་བཤས་གཏོང་ཚད་དང་། ཤའི་ཐོན་འབབ། དཀར་ཆུའི་ཐོན་འབབ། ཤ་དང་དཀར་ཆུའི་ལས་སྣོན་བྱེད་ཚད་སོགས་ཀྱི་ཕྱོགས་བསྡུས་ཞིབ་དཔྱད་གྲུབ་འབྲས་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་ལ་དཔྱད་ཞིབ་རིམ་པ་ཕུལ་བྱུང་ཡིན་པའི་གཏན་འཁེལ་བྱས་ནས“2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཤ་དང་དཀར་ཆུ་འབེལ་བའི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར”གྱི་མཚན་སྙན་སྤྲད་པ་མ་ཟད། བྱ་དགའ་དངུལ་སྒོར་ཁྲི་500རེ་སྤྲད་པ་རེད། བྱ་དགའི་དངུལ་གཙོ་བོ་དེང་རབས་ཞིང་ལས་དཔེ་སྟོན་གླིང་འཛུགས་སྐྱོང་དང་། ནས་ཀྱི་སྣ་ཁ་གསར་པ་སྐྱེད་སྲིང་དང་དེ་བཞིན་ལྗང་མདོག་ཐོན་འབབ་མང་བའི་འདེབས་གསོ། ཕྱུགས་རིགས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསོ་ཚགས་རྟེན་གཞི་འཛུགས་སྐྱོང་། གཟན་རྩྭ་དང་གཟན་ཆག་གི་རྟེན་གཞི་འཛུགས་སྐྱོང་། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྱོང་། སོན་བཟང་ཉོ་སྒྲུབ་སོགས་ཀྱི་རྒྱབ་སྐྱོར་རྣམ་གྲངས་ཐད་སྤྱོད་པ་ལས། སྲིད་འཛིན་བྱ་གཞག་ཚན་པའི་གཞི་རྩའི་གཏོང་སྒོ་དང་དེ་བཞིན་ཞིང་འབྲོག་པའི་འབབ་འཕར་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར། ནས་དང་། ཤ དཀར་ཆུ་བཅས་ཀྱི་ཐོན་འབབ་མཐོར་གཏོང་། ཞིང་ལས་ཐོན་ལས་འཕེལ་རྒྱས་དང་འབྲེལ་བ་མེད་པའི་ཐད་སྤྱོད་ཆོག་གི་མེད་པ་རེད།