དབུ་ཤོག>ཞིང་འབྲོག་གསར་པ།
  • འབྱོར་འབྲིང་ལམ་དུ་འབད་འབུངས་ཡར་བརྩོན་བྱེད་པའི་གཏམ་རྒྱུད་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-21

    འདི་ལོ་ལོ་41ལ་སླེབས་པའི་བསྟན་འཛིན་ཆོས་འཛོམས་ནི་གྲ་ནང་རྫོང་གྲ་ཕྱི་ཤང་རྫོང་མཁར་གྲོང་ཚོ་ནས་ཡིན་པ་དང་། གྲོང་ཚོ་དེ་ནི་ཞིང་ལས་གྲོང་ཚོ་ཞིག་ཡིན་པས་གྲོང་མི་ཚོས་ས་ཞིང་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། བསྟན་འཛིན་ཆོས་འཛོམས་ཀྱི་ཁྱིམ་དུ་ས་ཞིང་མུའུ་18.2ཡོད་པ་དང་། ཁོང་གིས་གསར་འགོད་པར“འཕྲུལ་ཆས་ཅན་ཁྱབ་གདལ་བཏང་རྗེས། ས་ཞིང་འདེབས་པར་དེ་སྔ་ལྟར་དཀའ་ལས་ཆེན་པོ་རྒྱག་དགོས་ཀྱི་མི་འདུག”ཅེས་བརྗོད།

    བསྟན་འཛིན་ཆོས་འཛོམས་ཀྱི་ཁྱིམ་ལ་སྔ་ས་ནས་འཕྲུལ་ཆས་ཅན་གྱི་སྟབས་བདེ་ལོངས་སྤྱོད་ཐུབ་ཡོད། 2002ལོར་ཁོང་གི་ཁྱིམ་གྱིས“180”འདྲུད་འཐེན་འཁོར་ལོ་ཞིག་ཉོས་རྗེས་2014ལོར་འདྲུད་འཐེན་འཁོར་ལོ་དེ་ལས་ཡག་པ་ཞིག་ཉོས། “འདྲུད་འཐེན་འཁོར་ལོ་གྲོང་གསེབ་ཏུ་སྤྱོད་གོ་ཆོད་པ་དང་། དངོས་ཟོག་དབོར་བ་དང་ས་ཞིང་རྨོ་བ་བཅས་ཚང་མར་འཕྲུལ་ཆས་དེ་སྤྱོད་ཀྱི་ཡོད”ཅེས་ཁོང་གིས་བརྗོད།

    ས་ཞིང་འདེབས་པའི་དུས་ཚོད་གྲོན་ཆུང་ཐུབ་རྗེས། གྲོང་མི་རྣམས་ཕྱིར་ལས་ཀར་འགྲོ་བའི་གོ་སྐབས་ཀྱང་མང་དུ་ཕྱིན་ཡོད། བསྟན་འཛིན་ཆོས་འཛོམས་ཀྱི་བཟའ་ཟླ་ཉི་མ་ལོ་ལྟར་ཟླ་བརྒྱད་དགུ་ཙམ་ཕྱིར་གླ་པ་རྒྱུག་པར་འགྲོ་གི་ཡོད། “གླ་པར་བསྐྱོད་ཚེ་ཉིན་གཅིག་ལ་ཡོང་འབབ་སྒོར་250རག་གི་ཡོད་པས། རྒྱུན་གཏན་གྱི་འགྲོ་སོང་ཕུད་ད་དུང་ཡོང་འབབ་ཕྲན་ཙམ་གསོག་རྒྱུ་ཡོད། ཁོང་གིས་གསར་འགོད་པར“ཁྱིམ་དུ་ཕྲུ་གུ་གཉིས་ཡོད་པ་ལས་གཅིག་དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པ་དང་། གཅིག་ཤོས་ནི་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པར་འགྲོ་གི་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་གཟའ་འཁོར་གཅིག་ནང་ང་ཚོས་འཚོ་བའི་འགྲོ་གྲོན་ལ་སྒོར་250ཙམ་ལས་སྤྲོད་དགོས་ཀྱི་མི་འདུག”ཅེས་བརྗོད།

    ཡོང་འབབ་བརྟན་པོ་ཡོད་པ་ལས། བསྟན་འཛིན་ཆོས་འཛོམས་ཁྱིམ་གྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཞིང་། ན་ནིང་ཁོང་ཁྱིམ་གྱིས་སྒོར་ཁྲི་10བཏང་ནས་རླངས་འཁོར་ཆུང་གྲས་ཤིག་ཉོས། “རླངས་འཁོར་ཉོས་པར་ལོ་དེ་དག་ནང་བསགས་པའི་དངུལ་བཏང་བ་ལས་དངུལ་བུན་སྒོར་ཟུར་གཅིག་ཀྱང་གཡར་མེད”ཅེས་བསྟན་འཛིན་ཆོས་འཛོམས་ཀྱིས་བརྗོད།

    བཟའ་ཟླས་ས་ཆ་གཞན་དུ་གླ་པ་རྒྱུག་ནས་ཡོང་འབབ་གསོག་པ་དང་ཁྱིམ་དུ་བསྡད་པའི་བསྟན་འཛིན་ཆོས་འཛོམས་ཀྱང་དལ་དལ་ལྷོད་ལྷོད་དུ་གཏན་ནས་སྡོད་ཀྱི་མེད། ས་ཞིང་འདེབས་ཞོར་དུ་ཁོ་མོ་གཅིག་པུས་ཕ་མེས་ཀྱིས་བཞག་པའི་ཆུ་འཐག་ལ་དོ་དམ་བྱེད་བཞིན་ཡོད།

    ཁོང་གིས“ཆུ་འཐག་འདི་ནི་རང་ཉིད་ཆུང་དུས་ནས་ཡོད་པ་དང་། དེ་སྔ་པཱ་ལགས་ཀྱིས་འགན་འཁུར་གྱི་ཡོད། 2015ལོ་ནས་བཟུང་ངས་དོ་དམ་བྱེད་འགན་འཁུར་བ་ཡིན”ཞེས་བརྗོད།

    བསྟན་འཛིན་ཆོས་འཛོམས་ཁྱིམ་གྱི་ཆུ་འཐག་ནི་སྤྱིར་ན“འོས་འགན་ངལ་རྩོལ”ལྟ་བུ་ཞིག་ཡིན་ཞིང་། ཁོང་གིས“རྩམ་པ་སྤྱི་རྒྱ་14བཏགས་ན་སྒོར་2ལས་བསྡུ་གི་མེད་པས། ལོ་གཅིག་ལ་ཡོང་འབབ་ཕྲན་བུ་ལས་རག་གི་མེད། ཡིན་ནའང་དེ་ནི་གྲོང་པ་ཁྱིམ་མཚེས་ཚོར་སྟབས་བདེ་ཡོང་ཆེད་ཡིན”ཞེས་བརྗོད།

    བསྟན་འཛིན་ཆོས་འཛོམས་ཁྱིམ་ནི་ཆུ་འགྲམ་དུ་ཡོད་པའི་སྒོ་ར་རང་འགྲིག་གི་བོད་བཟོའི་སྡོད་ཁང་དེ་རེད། ཁོང་གིས་གསར་འགོད་པར“ཁང་པ་འདི་ནི་2003ལོར་བརྒྱབ་པའི་བདེ་སྡོད་ཁང་པ་རེད། སྲིད་གཞུང་གི་ཁ་གསབ་དང་། རང་གྲབས་བྱས་ནས་བརྒྱབ་པ་ཞིག་ཡིན་པས་སྤུས་ཚད་ཧ་ཅང་ཡག་པོ་ཡོད། ལོ་འདི་དག་རིང་བཟོ་བཅོས་རྒྱག་མྱོང་མེད”ཅེས་བརྗོད།

    ཆུ་འཐག་གཉེར་སྐྱོང་བྱེད་པ་ཕུད། ད་དུང་བསྟན་འཛིན་ཆོས་འཛོམས་ལ་ཡོང་འབབ་ཡོངས་ཁུངས་གཞན་ཞིག་ཡོད་པ་ནི་སྣམ་ལས་རེད། ན་ནིང་ཁོང་གིས་སྣམ་བུ་བུག་གཉིས་བཏགས་ནས་སྒོར་9000བྱས་ཏེ་བཙོངས། ཁོང་གིས“སྣམ་བུ་འཚོང་བར་སེམས་ཁྲལ་མི་འདུག སྣམ་བུ་བུག་འདི་གཉིས་ཟངས་རི་རྫོང་གི་བོད་ཆས་ཚོང་ཁང་ཞིག་གིས་སྔ་ས་ནས་མངགས་སོང་། དེས་མ་ཟད་ཁོ་ཚོས་སྣམ་བུ་ག་ཚོད་ཡོད་ཀྱང་ཁོ་ཚོས་ཉོ་གི་ཡིན་ཞེས་ཤོད་ཀྱི་འདུག་པས་འཚོང་བའི་ཐད་སེམས་ཁྲལ་མི་འདུག”ཅེས་བརྗོད།

    ཕྱིར་ཚོང་ལ་སེམས་ཁྲལ་མེད་པས་བསྟན་འཛིན་ཆོས་འཛོམས་ལ་སྣམ་བུ་འཐག་ལས་མཉམ་ལས་ཁང་འཛུགས་པའི་བསམ་བློ་འཁོར། དོན་དུ་བསམ་ཚུལ་དེ་ནི་2017ལོ་ནས་ཡོད་མོད། འོན་ཀྱང་ད་བར་མངོན་འགྱུར་བྱུང་མེད།

    སྤྱང་གྲུང་ལྡན་ལ་ལག་ཤེས་ཡག་པའི་བསྟན་འཛིན་ཆོས་འཛོམས་ནི་སྣམ་བུ་འཐག་མཁས་པ་ཕུད། ད་དུང་རྫོང་མཁར་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡང་རེད། ཁོང་གིས“རྫོང་མཁར་གྲོང་ཚོའི་བུད་མེད་མང་ཆེ་བས་སྣམ་བུ་འཐག་ཤེས་ཀྱི་ཡོད་པས་སྣམ་བུ་འཐག་ལས་མཉམ་ལས་ཁང་ཞིག་བཙུགས་ན་གྲོང་ཚོའི་བུད་མེད་60ལྷག་ཙམ་གྱི་ཡོང་འབབ་འཕར་བར་རོགས་རམ་ཐུབ་ངེས་རེད”ཅེས་བརྗོད།

    སྣམ་བུ་འཐག་ལས་མཉམ་ལས་ཁང་འཛུགས་ཆེད། ལོ་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་རྫོང་མཁར་གྲོང་ཚོར་བརྟག་ཞིབ་ལ་ཡོང་སྐབས། ཁོང་གིས་དེའི་ཐད་ཀྱི་གནས་ཚུལ་ཆེད་མངགས་གོང་ཞུ་བྱེད་མྱོང་ཡོད། འོན་ཀྱང་རྗེས་སུ་གནས་ཚུལ་དེར་ལན་གཏན་འཁེལ་ཞིག་འབྱོར་མེད། “གང་ལྟར་ངས་ཐབས་ཤེས་ཡོད་རྒུ་བཏོན་ནས་བྱ་བ་འདི་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཤོད་ཀྱིན་དུ་བསྟན་འཛིན་ཆོས་འཛོམས་ལ་ཁ་པར་སླེབས། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱིས་ཁོང་ཤང་དུ་ཚོགས་འདུར་འགྲོ་དགོས་པའི་བརྡ་བཏང་།

    ཁོང་ནི་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་ལ་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡང་རེད། “ཉེ་ཆར་ཤང་དང་གྲོང་ཚོར་ལས་ཀ་ཧ་ཅང་མང་པོ་འདུག དབུལ་སྒྲོལ་འགག་སྒྲོལ་བྱུང་རྗེས་སླར་ཡང་གྲོང་གསེབ་དར་རྒྱས་གཏོང་འགོ་ཚུགས་ཡོད” ཁོང་གིས“གྲོང་གསེབ་དར་རྒྱས་གཏོང་བར་གྲོང་མི་ཚོར་ཡིད་ཆེས་ཆེན་པོ་འདུག ཚང་མས‘ཏང་དང་སྲིད་གཞུང་གིས་ང་ཚོའི་སྣེ་ཁྲིད་དེ་དཀའ་ངལ་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བསྒྲུབས་པས། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཡང་མངོན་འགྱུར་ཐུབ་ངེས་རེད’ཅེས་ཤོད་ཀྱི་འདུག”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།