སྤོས་ནི་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོའི་ཀ་རྟེན་ཐོན་ལས་ཡིན་ཞིང་། ལོ་4ཡི་རིང་སྤོས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་ཆེད། ཐོན་མདའ་གྲོང་ཚོའི་སྤོས་ཐོན་ལས་འཕེལ་རྒྱས་ཀྱི“གནད་དང་གནད”ཀྱི་ལས་བྱེད་པ་ད་ཆའི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོའི་ཧྲུའུ་ཅི་དང་པོ་འཇིགས་མེད་ཀྱིས་སྤོས་ཕྱིར་ཚོང་གི་ལས་དོན་དེ་སྔ་ས་ནས་འཆར་ཅན་གྱི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས།
ཐོན་མདའ་གྲོང་ཚོའི་སྤོས་ཐོན་ལས་གཉེར་སྐྱོང་ནི་གཙོ་བོ་ཁྱིམ་ཚང་གི་བཟོ་ཁང་ཡིན་ཞིང་། སྤོས་བཟོ་བར་མཁོ་བའི་བོད་སྨན་སྨན་རྒྱུའི་རིན་གོང་མཐོ་པོ་ཡོད་སྟབས། མི་མང་པོ་ཞིག་གིས་སྲོལ་རྒྱུན་གྱི་ལག་ཤེས་དེ་དོར་ནས་ཕྱིར་ཡོང་འབབ་གསོག་པར་འགྲོ་ཡི་ཡོད།
སྤོས་ཀྱི་ཐོན་རྫས་རྐྱང་པ་ཡིན་པ་མ་ཟད། གཅིག་གྱུར་གྱི་རིན་གོང་གཏན་འཁེལ་ལམ་སྲོལ་མེད་པས་འགྲན་རྩོད་ངན་པ་ཐོན་ནས་སྤོས་ཐོན་ལས་ཀྱི་འཕེལ་རྒྱས་ལ་དཀའ་ངལ་འཕྲད།
སྤུས་འབོར་གཉིས་ལྡན་གྱི་ཚོང་ལམ་གཏོད་ཆེད། འཇིགས་མེད་ཀྱིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཐེངས་མང་བྱས་པ་བརྒྱུད་མཉམ་ལས་ཁང་འཛུགས་རྒྱུ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་།
འོན་ཀྱང་མཉམ་ལས་ཁང་འཛུགས་རྒྱུའི་བསམ་ཚུལ་དེ་གྲོང་མིའི་ཚོགས་ཆེན་ཐོག་གླེང་མ་ཐག་མང་ཚོགས་ཁག་གཅིག་གིས་ངོ་རྒོལ་བྱས། རྒྱུ་མཚན་ནི་བཟོ་ཁང་ཚང་མར་རང་སོ་སོའི་སྤོས་བཟོ་བའི་ཐབས་མཆོག་རེ་ཡོད་པས། མཉམ་ལས་ཁང་ལ་ཞུགས་རྗེས་ཉིན་ལྟར་འཁྱེར་ཡོང་བའི་སྨན་རྒྱུའི་གྲངས་འབོར་དང་མ་བཅོས་རྒྱུ་ཆ་སྦྱོར་རྟ་བྱས་པ་གཞན་གྱིས་མཐོང་ཚེ་ཕྱིན་ཆད་ལད་ཟློས་བྱེད་ཉེན་ཆེ་བའི་སེམས་ཁྲལ་བྱེད་ཀྱི་ཡོད།
ཚང་མའི་སེམས་ཁྲལ་ཤེས་རྗེས་མང་ཚོགས་ལ་བསམ་བློའི་སློབ་གསོ་རྒྱག་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེས་ན་འཇིགས་མེད་ཀྱིས་དང་ཐོག་མཉམ་ལས་ཁང་ལ་ཞུགས་པའི་ཁེ་ཕན་བགོ་བཤའ་དང་། མཉམ་ལས་ཁང་གི་འབྱུང་འགྱུར་འཕེལ་རྒྱས། སྤོས་ཐོན་ལས་ཀྱི་མདུན་ལམ་སོགས་སྐོར་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་རིང་དང་ཕ་ཚ་བུ་རྒྱུད་སྤོས་བཟོ་བཞིན་པའི་ཚེ་རིང་ནོར་རྒྱས་དང་གླེང་མོལ་ཞིབ་ཕྲ་བྱས་པ་རེད།
མཐར་ཚེ་རིང་དང་ཚེ་རིང་ནོར་རྒྱས་གཉིས་པོ་བསམ་བློ་ཐོངས་ཏེ། སྔོན་ལ་རང་ཉིད་ཀྱི་སྦྱོར་རྟ་བྱེད་སྟངས་བཏོན་པ་མ་ཟད་མཉམ་ལས་ཁང་ལ་ཞུགས་རྒྱུའི་རེ་འདུན་ཡང་ཞུས། དེ་ལྟར་གནས་ཚུལ་དེ་གང་སར་ཁྱབ་ནས་སྤྱོད་གྲགས་གཉིས་ལྡན་གྱི་སྤོས་བཟོ་བའང་མཉམ་ལས་ཁང་ལ་ཞུགས་པ་མཐོང་འཕྲལ་གྲོང་མི་ཚོའི་སེམས་ཁྲལ་ཡང་བསལ་ནས་ཚང་མ་མཉམ་ལས་ཁང་ལ་ཞུགས།
མཉམ་ལས་ཁང་གཉེར་སྐྱོང་བྱས་རྗེས་སྤོས་བྲིན་ཁ་རྒྱུག་པོ་བྱུང་ནས་ཡོང་འབབ་ཀྱང་ཇེ་མང་དུ་སོང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཐོན་པ་གྲོང་ཚོས་སྔ་རྗེས་སུ་དྲི་ཞིམ་སྤོས་ཀུང་སི་དང་། ཞིང་འབྲོག་པའི་དམངས་སྲོལ་ཉམས་ལེན་མཉམ་ལས་ཁང་། ཐོན་པ་ཚང་ཨར་སྐྲུན་ངལ་ནུས་ཚད་ཡོད་ཀུང་སི། སྐྱེལ་འདྲེན་མཉམ་ལས་ཁང་སོགས་མཉམ་ལས་ཁང་6བཙུགས་པ་དང་ཆབས་ཅིག དྲ་ཐོག་ཚོང་དོན་གྱི་ལས་སྒོ་གསར་འབྱེད་ཀྱིས་ཐོན་རྫས་ཅིང་ཏུང་དྲ་བར་བཏོན་ནས་སྐད་འཕྲིན་ཚོང་ཁང་བཙུགས། ལོ་དེ་དག་ནང་སྤོས་ཐོན་རྫས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ནས་ཐོན་ལས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
དྲ་ཐོག་ཚོང་དོན་ཁྱབ་ཁོངས་སུ་མཉམ་ལས་ཁང་གིས་རང་ཉིད་ཀྱི་སྤུས་རྟགས་གཏོད་ཆེད་སྤོས་སྒམ་ཚང་མའི་ཐོག་བཤེར་རྟགས་སྦྱར་ཡོད།
འཇིགས་མེད་ཀྱིས“ང་ཚོ་སྙེ་མོའི་སྤོས་ལ་ཐོག་མའི་ཐོན་ཡུལ་གྱི་སྲུང་སྐྱོང་མཚོན་རྟགས་ཡོད་པས། ཨང་རྟགས་བཤེར་ཚེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་མངོན་གྱི་ཡོད། གལ་ཏེ་མཚོན་རྟགས་མངོན་ཚེ་ང་ཚོ་སྙེ་མོའི་སྤོས་ཡིན། དེར་བརྟེན་འཛད་སྤྱོད་པས་སྤོས་ཉོ་སྐབས་ངེས་པར་དུ་ཨང་རྟགས་བཤེར་ནས་བདེན་རྫུན་དབྱེ་འབྱེད་བྱས་ཏེ་སྙེ་མོའི་སྤོས་ངོ་མ་ཉོ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ངོ་སྤྲོད་བྱས། ད་ཆ་མཉམ་ལས་ཁང་དུ་ཁོངས་མི་དུད་ཚང་36ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གི་2020ལོའི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་88ཟིན་པའི་ཁྲོད་ནས་སྒོར་ཁྲི་35གླ་ཆར་སྤྲད་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་9000བྱུང་ཡོད།
འབྱུང་འགྱུར་སྐོར་གླེང་སྐབས་འཇིགས་མེད་ཀྱིས“སྙེ་མོའི་སྤོས་ཐོན་ལས་ལ་འཕེལ་རྒྱས་གསར་པ་བྱུང་སྟེ་ཐོན་རྫས་དེ་བས་མང་བ་ལྗོངས་ཕྱི་དང་རྒྱལ་ཡོངས་སུ་ཕྱིར་ཚོང་ཐུབ་རྒྱུའི་རེ་བ་ཡོད། སྤོས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་མང་ཚོགས་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ་སྤོས་ཐོན་ལས་ཀྱི‘གསེར་ཕོར’དེ་བས་བརྟན་དུ་བཏང་ནས་མང་ཚོགས་དེ་བས་མང་བ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།