དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྱུང་དཀར་ལྡིང་སྡེ་ཁུལ་གྱི་པད་མ་སྒྲོལ་མའི་ཁྱིམ་ཚང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-13

    ད་ཆ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྱུང་དཀར་ལྡིང་སྡེ་ཁུལ་གྱི་པད་མ་སྒྲོལ་མའི་ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད།

    པད་མ་སྒྲོལ་མས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་པོ་བྱུང་ཡོད། ཁོང་གིས་གསར་འགོད་པར་རྩིས་ཤིག་བརྒྱབ་བྱུང་། “ད་ལྟ་ངའི་ཟླ་རེའི་གླ་ཆ་སྒོར་3000ལྷག་ཙམ་ཟིན་པ་དང་། བུའི་ཟླ་རེའི་གླ་ཆ་སྒོར་3000ལྷག་ཙམ་ཟིན་པ། བུ་མོའི་ཟླ་རེའི་གླ་ཆ་སྒོར་1200ཟིན་པའི་ཁར་ད་དུང་ལོ་རེར་དབང་པོ་སྐྱོན་ཅན་གྱི་ཁ་གསབ་སྒོར་7200ཡོད་པས་ང་ཚོའི་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་གྱི་འདུག”ཅེས་བརྗོད་བྱུང་།

    2016ལོར་པད་མ་སྒྲོལ་མའི་ནང་མི་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་ལོ་འདིར་བུ་འཆི་མེད་རྒྱལ་མཚན་སློབ་ཆེན་ལ་རྒྱུགས་འཕྲོད་པ་རེད། འོན་ཀྱང་པད་མ་སྒྲོལ་མས་ད་དུང་དབང་པོ་སྐྱོན་ཅན་ཡིན་པའི་བུ་མོ་ཀུན་བཟང་སྒྲོལ་མར་ལྟ་རྟོག་བྱེད་དགོས་ཀྱི་ཡོད།

    བུའི་སློབ་ཡོན་སྤྲོད་དགོས་པའི་སྐབས་སུ་པད་མ་སྒྲོལ་མ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར། སྟབས་ལེགས་པ་ཞིག་ལ་རྒྱལ་ཁབ་ཀྱིས་བུའི་སློབ་ཡོན་རྩ་ཆག་བཏང་བ་མ་ཟད། ད་དུང་ལོ་ལྟར་འཚོ་བའི་ཁ་གསབ་སྒོར་ཁྲི་1སྤྲད་ཡོད། དེ་ལྟར་པད་མ་སྒྲོལ་མའི་ཁྱིམ་ཚང་གི་ཁུར་པོ་ཧ་ཅང་ཡང་དུ་སོང་ཡོད།

    པད་མ་སྒྲོལ་མའི་ནང་མི་ཚོ་དེ་སྔོན་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་ནོར་བུ་ས་གྲོང་ཚོར་འཚོ་སྡོད་བྱེད་ཀྱི་ཡོད། “ས་ཆ་དེ་ས་བབ་མཐོ་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་ཕྱི་ཕྱོགས་སུ་གླ་པར་འགྲོ་དུས་སྟབས་བདེ་པོ་མེད”ཅེས་པད་མ་སྒྲོལ་མས་ཕྱིར་དྲན་བྱས་ནས་བརྗོད།

    2018ལོའི་ཟླ་7པར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག་པད་མ་སྒྲོལ་མའི་ནང་མི་ཚང་མ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྱུང་དཀར་ལྡིང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད། ཡུལ་དེ་ད་ལྟ་ཁྱུང་དཀར་ལྡིང་སྡེ་ཁུལ་རེད།

    “ཁང་པ་གསར་པར་གློག་སྐས་ཡོད་པ་དང་ཉལ་ཁང་3ཡོད་པའི་སྨི་ངོས་གྲུ་107གྱི་ཁང་པ་ཞིག་རེད”ཅེས་པད་མ་སྒྲོལ་མས་ཁང་པ་གསར་པར་བློ་ཡིད་ཚིམ་པོ་བྱུང་ཡོད་ལ། འཚོ་བ་གསར་པར་རེ་བས་ཁེངས་ཡོད། “གནས་སྤོ་ཐོག་མར་བྱེད་སྐབས་ངས་རང་འགུལ་ངང་མིང་ཐོ་བཀོད་པ་ཡིན། ང་རང་ཡང་འཚོ་སྡོད་བྱེད་ས་ཞིག་བརྗེས་ནས་འཚོ་ཐབས་གསར་པ་ཞིག་འཚོལ་འདོད་འདུག”ཅེས་བརྗོད་བྱུང་།

    པད་མ་སྒྲོལ་མས་གསར་འགོད་པར“ཁྱུང་དཀར་ལྡིང་སྡེ་ཁུལ་དུ་སྤོས་རྗེས། གླ་པར་འགྲོ་དུས་སྟབས་བདེ་བ་མ་ཟད། ད་དུང་ཡོང་འབབ་ཀྱང་མང་དུ་ཕྱིན་སོང”ཞེས་བརྗོད་བྱུང་།

    པད་མ་སྒྲོལ་མས་དགའ་ཚོར་ཆེ་ཤོས་བྱེད་པ་ནི་བུ་མོ་ཀུན་བཟང་སྒྲོལ་མའི་ནད་གཞི་དྲག་སྐྱེད་གང་ཙམ་བྱུང་ནས་གོམ་པ་ཐར་ཐོར་རྒྱག་ཐུབ་པ་དང་མི་གཞན་དང་སྐད་ཆ་ཚིག་རེ་གཉིས་ཤོད་ཐུབ་པ་དེ་རེད།

    2019ལོའི་ལོ་མཇུག་ཏུ་པད་མ་སྒྲོལ་མའི་ཁྱིམ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་། ཁྱུང་དཀར་ལྡིང་སྡེ་ཁུལ་གྱི་ལས་བྱེད་པས་ཀུན་བཟང་སྒྲོལ་མ་ལྷོ་ཁ་གྲོང་ཁྱེར་མི་རིགས་རྩེད་ཐེར་ལག་ཤེས་བཟོ་ལས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིར་འོས་སྦྱོར་བྱས་པ་རེད། དེ་ནས་བཟུང་ཀུན་བཟང་སྒྲོལ་མ་སྣེ་གདོང་ཆུས་དང་ཐ་ན་ལྷོ་ཁ་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་མང་པོ་དང་མཉམ་དུ་ལས་ཞུགས་ཐུབ་པ་རེད།

    ཀུན་བཟང་སྒྲོལ་མ་དབང་པོ་སྐྱོན་ཅན་ཡིན་ཡང་སེམས་བག་ཡང་པོ་ཡོད། གསར་འགོད་པ་ཀུང་སི་འདིའི་ཐོན་སྐྱེད་འཁོར་ཁང་དུ་སླེབས་སྐབས་ཁོང་གིས་བོད་བཟོའི་རྒྱབ་ཁུག་བཟོ་བཞིན་ཡོད་པ་མཐོང་བྱུང་།

    “འདི་གར་གང་འདྲ་འདུག་གམ”

    “ཡག་པོ་འདུག”ཅེས་གསར་འགོད་པའི་དྲི་བར་ཀུན་བཟང་སྒྲོལ་མས་ལན་བཏབ་བྱུང་། དེ་ནས་འཚེམ་འཁོར་འགྲམ་དུ་བཀལ་བའི་རྒྱབ་ཁུག་བཅུ་གྲངས་ཁྲོད་ནས་གསར་འགོད་པར་གཅིག་བསྟན་བྱུང་། ཁོང་འགྲམ་གྱི་ལས་རོགས་ཤིག་གིས་ཁྱེད་རང་གི་ཕྱག་ནང་གི་རྒྱབ་ཁུག་འདི་ཡག་ཤོས་ཀྱི་གྲས་རེད་ཅེས་བརྗོད་བྱུང་།

    ཀུན་བཟང་སྒྲོལ་མ་རིག་པ་གསལ་ཞིང་བྱང་ཆ་དོད་པས་ལྷོ་ཁ་གྲོང་ཁྱེར་མི་རིགས་རྩེད་ཐེར་ལག་ཤེས་བཟོ་ལས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིར་གསོ་སྦྱོང་ཟླ་བ་གཉིས་བྱས་རྗེས། ལག་རྩལ་བྱང་ཆུབ་པར་གྱུར་ཡོད། ད་ལྟའི་གླ་ཆ་དགེ་ཕྲུག་སྐབས་ཀྱི་སྒོར་500ནས་སྒོར་1200བར་མཐོ་རུ་ཕྱིན་ཡོད།

    2020ལོར་འཆི་མེད་རྒྱལ་མཚན་སློབ་ཆེན་ཐོན་རྗེས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་རྒྱུགས་འཕྲོད་པ་དང་ད་ལྟ་ཁྱུང་དཀར་ལྡིང་སྡེ་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད་པ་རེད།

    ན་ནིང་གི་ཟླ་8པར་ཁྱུང་དཀར་ལྡིང་སྡེ་ཁུལ་དང་ལྷོ་ཁ་མི་རིགས་ལག་ཤེས་བཟོ་ལས་རྩེད་ཐེར་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སི་མཉམ་འབྲེལ་བྱས་ཏེ་ཁྱུང་དཀར་ལྡིང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐོན་ལས་ཀྱི་འཁོར་ཁང་གཉིས་པ་བཙུགས་ནས་སྡེ་ཁུལ་གྱི་མང་ཚོགས་30ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། པད་མ་སྒྲོལ་མའང་ཁོང་ཚོའི་གྲས་ཤིག་རེད།

    “ནང་མི་ཚང་མ་མཉམ་དུ་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་མི་སོ་སོར་ལས་ཀ་དང་ཡོང་འབབ་ཡོད་པས་ངས་བྱས་ན། འདི་ནི་འབྱོར་འབྲིང་འཚོ་བ་རེད་སྙམ་གྱི་འདུག ཕྱིས་སུ་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཅར་འདྲི་མཇུག་འགྲིལ་མཚམས་སུ་པད་མ་སྒྲོལ་མས་གསར་འགོད་པར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།