དབུ་ཤོག>ཞིང་འབྲོག་གསར་པ།
  • སྙིང་སྟོབས་ཀྱི་གོམ་ཁ་མ་བཤོལ་བས་། ཕྱུག་འགྱུར་གྱི་མདུན་ལམ་ཡངས་པོར་གྱུར་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས།   |     སྤེལ་དུས།  2021-05-07

    478368_yis_1620316800000_s.jpg

    འདི་ནི་མ་ལ་ཡཱ་ཆུ་ཚན་གྱི་ཕྱི་ལྗོངས་ཡིན་པ།

    478372_yis_1620316800000_s.jpg

    འདི་ནི་མ་ལ་ཡཱ་ཆུ་ཚན་གྱི་སྦྱིན་བདག་ཉི་མས་ཉིན་རེའི་ལས་དོན་ཟིན་བྲིས་རྒྱག་བཞིན་པ།

    478370_yis_1620316800000_s.jpg

    འདི་ནི་སྦྱིན་བདག་ཉི་མའི་བཟའ་ཟླ་བུ་ཁྲིད་ཀྱིས་ཆུ་ཚན་ཁང་གི་ཚོང་ཁང་ནང་ཚོང་ཟོག་སྒྲིག་བཞིན་པ།

    478366_yis_1620316800000_s.jpg

    འདི་ནི་ཆུ་ཚན་ཁང་དུ་ཞབས་ཞུ་མས་གཙང་སྦྲ་བྱེད་བཞིན་པ།

    དབྱར་དཔལ་གྱི་འཛུམ་ཞལ་ངོམས་ལ་ཉེ་ཡང་གཙང་ཁུལ་དུ་སྔར་བཞིན་ཐལ་རྡུལ་འཚུབ་སྟེ་དབུས་གཙང་གཉིས་དབར་དྲོ་གྲང་ཧེ་བག་ཅུང་ཆེ་བར་སྣང་བའི་སྐབས་ཁོ་བོས་དེ་སྔོན་ནས་བཅངས་པའི་འདུན་པ་ལྟར་གངས་ཅན་མཁས་པ་ཀུན་གྱིས་གཙུག་ཏུ་བཀུར་བའི་དངུལ་ཆུ་རྡ་མ་བྷ་དྲ་ཡབ་སྲས་ཀྱི་འཁྲུངས་ཡུལ་གཞིས་རྩེ་གྲོང་ཁྱེར་ཁོངས་བཞད་མཐོང་སྨོན་རྫོང་དུ་བསྐྱོད།

    ཞིང་ལས་གཙོ་གཉེར་བྱེད་པའི་མཐོང་སྨོན་རྫོང་གི་མཐའ་བཞིའི་རི་ཚོགས་མཐོ་པོ་དེ་ཙམ་མེད་ཀྱང་དེ་རྣམས་ས་རྒྱུ་གཤིན་པའི་ཞིང་ཐང་ལ་བསྐོར་བའི་ར་བ་བཙན་པོ་ཞིག་དང་མཚུངས་ལ། རྒྱང་རིང་ནས་ལྟ་བའི་ཚེ། དངུལ་ཆུ་རི་བོ་ནི་རི་ཕྲན་དུ་མས་བསྐོར་བའི་རི་རྒྱལ་ལྷུན་པོར་སྣང་། ཡུལ་མི་ཚོས་དངུལ་ཆུ་རི་བོ་ནི་གནས་རི་རྩ་ཆེན་རེད་ཅེས་ལྷ་སྒྲུང་ལྟ་བུ་མང་པོ་ཞིག་སྨྲ་ཡི་འདུག་པའི་དོན་རྣམས་བདེན་མིན་ཇི་ལྟར་ཡང་། རི་བོ་དེའི་རི་བྱད་ཤིན་ཏུ་ལེགས་པ་ནི་འཇིག་རྟེན་བྱེད་པོས་བསྐྲུན་པའི་བཅོས་མའི་རི་བོ་དང་གཉིས་སུ་མ་མཆིས།

    ཆབ་ཁ་གྲོང་ཚོར་སླེབས་དུས་གཞུང་ལམ་གཡས་གཡོན་ནས་རྭ་རྒྱན་དང་སྣ་རྒྱན་སོགས་ཀྱིས་མཆོར་བའི་རྨོན་མཛོ་རྨོན་གཡག་གཉའ་དོར་བསྒྲིགས་པ་དེ་དག་ཐོང་མཁན་གྱི་རྗེས་འདེད་འོག་སྐེ་ལ་བཏགས་པའི་སིང་སིང་དྲིལ་བུའི་སྒྲ་དང་བསྟུན་ཏེ་གོམ་འགྲོས་ཤིག་ཤིག་ངང་ཞིང་ཐང་ཕྱོགས་སུ་ཆས་བཞིན་འདུག་པ་དེས། མི་རྣམས་ལ་སོ་ནམ་གྲོང་ཚོ་དེ་ནས་གནའ་ཉམས་ཤིག་རང་དགར་སྟེར། དེ་བས་ཀྱང་གྲོང་ཚོ་དེར་ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་ཞིང་པའི་སྡོད་ཁང་གཅིག་ལ་གཅིག་སྦྲེལ་དུ་གསར་རྒྱག་བྱས་པ་དེ་དག་གིས་ཉེ་བའི་ལོ་ཤས་ནང་ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འགྲན་རྩོད་ནང་གྲོང་མི་རྣམས་ཕྱུག་འགྱུར་ལམ་དུ་ཆས་ཟིན་པ་ར་སྤྲོད་བྱེད་པ་ལྟར་སྣང་།

    ཆབ་ཁའི་ཆུ་ཚན་གྱིས་སུག་འབྲི་བའི་བརྗོད་བྱའི་ཁ་ལོ་བསྒྱུར།

    སོས་ཀའི་དུས་ཀྱི་སོ་ནམ་གྲོང་ཚོའི་ཞིང་ལས་ཐོན་སྐྱེད་ཀྱི་གནས་ལུགས་འགོད་རྒྱུ་དེ་སུག་འབྲི་བའི་འོས་བབ་ཏུ་གྱུར་པས། བདག་གིས་སོ་ནམ་ཞིང་པ་ཞིག་ལ་ཞིང་ལས་སྐོར་ནས་བཅར་འདྲི་ཞུ་བའི་ཀུན་སློང་སྐྱེས་མོད། གློ་བུར་དུ་གཞུང་ལམ་གཡས་གཡོན་གྱི་ཁང་བཟང་མང་པོ་ཞིག་གི་སྒོ་གླེགས་སྟེང་དུ། དྭངས་གཙང་ཆབ་ཚན་ཞེས་པ་དང་། བཞད་གཞུང་ཆུ་ཚན་ཞེས་པ་སོགས་ཁྱིམ་ཚང་སྒེར་གྱིས་གཉེར་བའི་ལུས་ཁྲུས་ཆུ་ཚན་མང་པོ་ཞིག་མིག་ངོར་འཆར་ལ། དེ་བས་ཀྱང་ལམ་གྱི་གཡས་ངོས་སུ་མགྲོན་ཁང་དང་ཁྲུས་ཁང་ཡུག་གཅིག་ཏུ་སྦྲེལ་བའི“མ་ལ་ཡཱ་ཆུ་ཚན”ཞེས་པ་མཐོང་ཙ་ན། དེ་གར་ཚུགས་བབས་ནས་དེང་རབས་ཅན་གྱི་ཞིང་པའི་ཆུ་ཚན་ཁང་དེའི་སྦྱིན་བདག་བཙལ་ཏེ། ཁོང་ནས་ཆུ་ཚན་གྱི་གནས་བབ་ལེགས་ཆར་བརྟེན་ནས་ལུས་ཁྲུས་ཁང་དང་མགྲོན་ཁང་ཡུག་གཅིག་ཏུ་སྦྲེལ་བའི་ཁེ་གཉེར་གནས་ལུགས་ངོ་སྤྲོད་གནང་རོགས་ཞུས་པ་ཡིན།

    མ་ལ་ཡཱ་ཆུ་ཚན་གྱི་སྦྱིན་བདག་ཉི་མ་ནི། ད་ལོ་ལོ་ན་35ལ་སླེབས་མ་ཐག་པའི་ཕོ་གཞོན་ཞིག་ཡིན་འདུག་ཅིང་། ཕོ་གཞོན་དེས་སྒྲིག་ཆས་ཆ་ཚང་བའི་མགྲོན་ཁང་དང་ཆུ་ཚན་ཡུག་གཅིག་སྦྲེལ་བ་ཞིག་བསྐྲུན་པ་དེ་ཁོ་བོའི་བསམ་ཚོད་ལས་འདས། འོ་ན། ཁོང་གིས་ཆབ་ཁ་གྲོང་ཚོར་ཁྱིམ་ཚང་ཆུ་ཚན་ཉི་ཤུ་ལྷག་ཙམ་ནས་ལེགས་ཤོས་སུ་གྱུར་པ་ཞིག་བསྐྲུན་དགོས་པའི་རྒྱུ་མཚན་ཇི་ལྟར་ཡིན་ནམ་ཞེ་ན། དེ་ཡང་ཁྱིམ་ཚང་ཆུ་ཚན་ནི་ཆབ་ཁ་གྲོང་ཚོས་རང་བྱུང་ཐོན་ཁུངས་དང་གནས་བབ་ཀྱི་ལེགས་ཆ་བེད་གང་ལེགས་སྤྱད་པའི་ཁེ་གཉེར་བྱ་གཞག་ཅིག་ཡིན་པ་ལྟར། ཕོ་གཞོན་ཉི་མས་སྤྱི་ལོ་2017ལོར་རང་གིས་གྲབས་གསོག་བྱས་པའི་མ་དངུལ་སྒོར་ཁྲི་30ཡི་ཐོག་དངུལ་ཁང་ནས་མ་དངུལ་སྒོར་ཁྲི་140གཡར་ཏེ་རང་ཁྱིམ་གྱི་ས་ཁྱོན་སྤྱི་ཁྲེ་ངོས་གྲུ་ཆིག་སྟོང་ལྷག་ཙམ་གྱི་ཐོག་ཆུ་ཚན་དང་མགྲོན་ཁང་བསྡོམས་ཁང་མིག་22ཡོད་པའི་ཐོག་བརྩེགས་གཉིས་ལྡན་གྱི་མ་ལ་ཡཱ་ཆུ་ཚན་བསྐྲུན།

    ཆུ་ཚན་གྱི་ཁང་མིག་སོ་སོའི་སྒྲིག་ཆས་ཆ་ཚང་ལ། མཛེས་བཟོའི་བཀོད་པ་ལེགས་པོས་སྐུ་མགྲོན་ཚོར་སྤྲོ་སྣང་སྟེར་བཞིན་ནོ། ཁང་པའི་མཛེས་བཟོ་དེ་ལག་རྩལ་པ་གདན་དྲངས་པ་མིན་ནམ་ཞེས་འདྲི་སྐབས་ཁོང་གིས། བདག་རང་ཤིང་བཟོ་བ་ཡིན་ལ་དེ་སྔོན་ནས་ལག་ལེན་གྱི་ནང་མཛེས་བཟོ་བྱ་རྒྱུ་ཁོང་དུ་ཆུད་ཡོད་པས། མཛེས་བཟོ་ཆ་ཚང་རང་ཉིད་གཅིག་པུས་ལེགས་གྲུབ་བྱས་པ་ཡིན་ཞེས་གསུངས་བྱུང་།

    ཉི་མའི་བཟའ་ཟླ་བུ་ཁྲིད་ནི་སྡུག་བསྲན་ཐེག་ཆེ་ལ་ལས་ཀར་ཤིན་ཏུ་ཧུར་བ་ནི་ཡུལ་གྲུ་དེར་སྐད་གྲགས་ཡོད་ཚོད་འདུག་ཅིང་། མ་ལ་ཡཱ་ཆུ་ཚན་ཨར་ལས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་གླེང་སྐབས་ཁོ་མོས། ངས་བཟའ་ཟླའི་དཔུང་རོགས་གང་ལེགས་བྱ་རྒྱུ་ནི་བསྐྱུར་མི་རུང་བའི་འགན་ཁྲི་ཡིན་པས། ལོ་ཟླ་སྦྲེལ་བའི་ཨར་ལས་ནང་སྐབས་འགར་མཚན་གང་གཉིད་ལས་བྲལ་ནས་ངལ་གསོ་དུས་ཐོ་རེངས་ཆུ་ཚོད་ལྔ་པ་ཡོལ་གྱི་འདུག ཡིན་ནའང་བསམ་ཚོད་ལྟར་ཨར་ལས་ལེགས་གྲུབ་ཡོང་བ་མཐོང་དུས། རང་ཉིད་ཀྱི་དཀའ་སྤྱད་ལ་འབྲས་བུ་ཐོན་སོང་སྙམ་སྟེ་སེམས་ལ་དཀའ་སྣང་ལས་བྲལ་བའི་དགའ་སྣང་སྐྱེ་ཡི་འདུག་ཅེས་བརྗོད་ཀྱི་འདུག་ལ། ཨར་ལས་ཀྱི་ལག་རྩལ་སྐོར་གླེང་ཙ་ན། ཉི་མས་རང་གི་བཟའ་ཟླ་བུ་ཁྲིད་ལ་ཁ་ཕྱོགས་ཏེ། ངའི་བཟའ་ཟླ་བུད་མེད་ཅིག་ཡིན་ནའང་ཨར་འདམ་ལྕགས་རྩིབས་མའི་ལྕགས་དྲ་བསླ་རྒྱུ་ཧ་ཅང་མཁས་པོ་ཡོད་ཅེས་བརྗོད།

    མ་ལ་ཡཱ་ཆུ་ཚན་ལ་གནས་མལ་རང་འགྲིག་གི་ཆུ་ཚན་ཁང་ཆེ་འབྲིང་ཁག་བརྒྱད་ཡོད་པ་དེ་རྣམས་གཙང་སྦྲ་དོད་ལ་བཀོད་པ་ལེགས་པོ་ཡོད་པར་བརྟེན་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གི་ལས་བྱེད་ལས་བཟོ་ཆུ་ཚན་དེ་གར་ཁྲུས་སེལ་ངལ་གསོར་འོང་མཁན་རྒྱུན་ཆད་ཀྱི་མེད་ལ། ལྷག་པར་དུ་མཐོང་སྨོན་རྫོང་ལས་ཁུངས་དང་། ཤང་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་ཚོས་གཟའ་འཁོར་རེའི་ངལ་གསོའི་དུས་ཚོད་ལ་དེ་གར་གཟུགས་པོ་བཀྲུ་བར་ཡོང་གི་ཡོད་སྟབས་ཆུ་ཚན་ཁང་དེ་འཁྲུག་ཆ་དོད་པོར་གྱུར་གྱི་ཡོད་ཅིང་། སྦྱིན་བདག་ཉི་མས་ངོ་སྤྲོད་གནང་བར་གཞིགས་ན། སྐུ་མགྲོན་མང་བའི་སྐབས་ཉིན་རེའི་དངུལ་སྨར་ཡོང་འབབ་སྒོར་5000ནས་བརྒལ་གྱི་ཡོད་པ་རེད།

    ཉི་མའི་ཁྱིམ་ཚང་སྒེར་གྱི་མ་ལ་ཡཱ་ཆུ་ཚན་ཁང་དེ་ལས་གཉེར་བྱས་ཏེ་ད་བར་དུས་ཡུན་ཟླ་བ་བཞི་ལྷག་ཙམ་ལས་མ་སོང་ཡང་ཡོང་འབབ་སྒོར་ཁྲི་36ལྷག་ཙམ་བྱུང་བས་ཡོང་འབབ་དེས་ཡུན་རིང་མ་འགོར་བར་ཁོང་གི་ཁེ་གཉེར་མ་རྩ་ལྷོགས་པས་མ་ཚད། ཆུ་ཚན་ཁང་དེའི་ཕྱོགས་ཡོངས་ཀྱི་སྒྲིག་ཆས་དེ་བས་ལེགས་སུ་གཏོང་ཐུབ་པའི་གདེང་ཚོད་ཡོད་པར་གྱུར་འདུག ཆུ་ཚན་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་སྐོར་གླེང་སྐབས་ཁོང་གིས། དེང་སང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ལྟ་བཞག་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་སྟབས། ཆུ་ཚན་དུ་ཡོང་མཁན་འཛད་སྤྱོད་པའི་བླང་བྱའང་རིམ་བཞིན་མཐོ་རུ་འགྲོ་གི་ཡོད་པ་དང་། དེ་བཞིན་ཆབ་ཁ་གྲོང་ཚོར་ཁྱིམ་ཚང་གི་ཆུ་ཚན་མགྲོན་ཁང་གཉེར་བའི་འགྲན་རྩོད་ཆེན་པོ་ཡོད་པས་སླར་ཡང་བདག་ཉིད་གཞན་གྱི་རྗེས་སུ་ལུས་ན་ག་ནས་འགྲིག་ཅེས་བརྗོད།

    སླར་ཡང་གཞན་གྱི་རྗེས་སུ་ལུས་ན་ག་ནས་འགྲིག་ཅེས་པའི་ཁོང་གི་བཀའ་མོལ་གྱི་རྒྱབ་ཏུ་གསང་བར་གྱུར་པའི་བརྗོད་དོན་་གཞན་ཞིག་ཡོད་པའི་ཚོར་སྣང་གིས་བདག་གི་སེམས་ལྷིང་མ་འཇགས་པར། མ་ལ་ཡཱ་ཆུ་ཚན་མགྲོན་ཁང་མ་གཉེར་གོང་སྦྱིན་བདག་ཉི་མས་བྱ་བ་གང་ཞིག་སྒྲུབ་ཡོད་མེད་དེ་འཕྲལ་དུ་ཤེས་འདོད་ཀྱི་བློ་ཁ་འགོག་མི་ཐུབ་པར་གྱུར།

    འོབས་སུ་ལན་གཅིག་ལྷུངས་བས་ཤེས་རབ་ལན་གཅིག་འཕེལ་སོང་།

    ཁེ་གཉེར་ལས་རིགས་ཀྱི་སྦྱིན་བདག་མི་ཉུང་བ་ཞིག་ལས་གཉེར་གྱི་ཚོད་བགམ་དྲག་པོའི་ཁྲོད་དུ་བསླབ་བྱ་ཐོབ་པ་དང་། ངར་ཤ་ལངས་པ། ཉམས་མྱོང་གསོག་པ་བཅས་ཡིན་པ་ལྟར་སྦྱིན་བདག་ཉི་མ་ཡང་ལས་རིགས་འགྲན་རྩོད་ནང་ཕམ་ཉེས་ཐེངས་གཅིག་བྱུང་རྗེས་སླར་ཡང་ངར་ཤུགས་བསྐྱེད་དེ་ཁེ་གཉེར་གྱི་ལམ་བུ་གསར་པ་འདིར་བསྐྱོད་ཚུལ་དེ། ཡུད་ཙམ་བཅར་འདྲི་བགྲོ་གླེང་ཞུ་རིང་ཤེས་རྟོགས་བྱུང་།

    དེའང་སྤྱི་ལོ་2013ལོར། ཉི་མས་རང་ཁྱིམ་རྫོང་ཁང་གསར་གྱི་ལྟོ་གོས་འཛོམས་སུ་གཏོང་དགོས་ན་ས་ཞིང་མུའུ་12ཙམ་ལ་བརྟེན་ནས་བསྡད་ཚེ། སྔར་སོང་རང་འཇགས་ཙམ་ལས་གཞན་སྨོན་རང་སྐྱིད་ཀྱི་འཚོ་བ་ཡོང་ཐབས་བྲལ་བའི་ངོས་འཛིན་བྱས་ཐོག་རང་གི་ཤིང་བཟོའི་ལག་རྩལ་ལ་བརྟེན་ནས་ཞིང་པའི་ཨར་ལས་རུ་ཁག་ཆུང་ངུ་ཞིག་སྒྲིག་འཛུགས་བྱས་ནས། གཞིས་རྩེ་གྲོང་ཁྱེར་དང་། རྫོང་ཁོངས་ཀྱི་ཤང་གྲོང་ཁག་ཏུ་ཨར་ལས་འགན་གཙང་ལེན་པའི་ལས་འགོ་བརྩམས་ཤིང་། དང་ཐོག་ཨར་ལས་ལ་ཁེ་སྤོགས་ཕྲན་བུ་བྱུང་མོད། འོན་ཏེ་ལོ་གཉིས་ལྷག་ཙམ་སོང་མཚམས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་གཏོང་ཡོང་མགོ་མི་ཐུག་པའི་གནས་སུ་གྱར་ཏེ་ཨར་ལས་རུ་ཁག་ཡོངས་སུ་རྐུབ་བརྡིབས།

    སྔོན་དཔག་གི་བསམ་འདུན་མ་བསྒྲུབས་པར་ཨར་ལས་རུ་ཁག་རྐུབ་བརྡིབས་ནས་རེ་ཞིག་བྱ་དཀའ་བྱེད་གཏད་དུ་གྱུར་པ་དེ་ནི་ཁོང་ལ་འཕྲད་པའི་ཉམས་ཉེས་ཀྱི་རྡོག་ཁྲེས་ལྕི་པོ་ཞིག་ཡིན་ཅིང་། སྐབས་དེའི་འདས་དོན་ལ་ཕྱིར་དྲན་གྱི་བགྲོ་གླེང་བྱེད་སྐབས་ཁོང་གིས་དབུགས་རིང་ཡང་ཡང་གཏོང་བཞིན་དུ། ད་བར་བདག་ལ་བར་ཆད་དེ་ལས་ཆེ་བ་ཡོང་མ་མྱོང་ཞེས་ཡང་ཡང་བརྗོད།

    འོབས་སུ་ཐེངས་གཅིག་ལྷུངས་ན་ཤེས་རབ་ཐེངས་གཅིག་འཕེལ་ཞེས་པ་དེ་དངོས་གནས་ཉི་མས་བྱ་དངོས་སྒྲུབ་པའི་བརྒྱུད་རིམ་ལས་གསལ་པོར་མངོན་བཞིན་མཆིས། ཨར་ལས་རུ་ཁག་རྐུབ་བརྡིབས་པ་དེས་ཁོང་གི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཀྱང་། འགྱེལ་ས་ནས་ལངས་ཐུབ་པ་བྱེད་པའི་སྙིང་སྟོབས་ཤིག་ཡོད་པས་ན། རང་གི་ཐབས་ཇུས་ལ་བརྟེན་ནས་དཀའ་རྙོག་སྣ་ཚོགས་ལས་བསྒྲལ་ཐུབ་པ་སྟེ། མིག་སྔར་ཆབ་ཁ་གྲོང་ཚོར་ཁྱིམ་ཚང་ཆུ་ཚན་ཆེ་ཆུང་ཁག་ཉི་ཤུ་ལྷག་ཙམ་ཡོད་པའི་ཁྲོད་གཞི་ཁྱོན་ཆེ་ཤོས་དང་། དེང་དུས་སྐུ་མགྲོན་གྱི་ཡིད་དབང་འགུགས་ནུས་ཆེ་ཤོས། རྒྱང་རིང་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་བཅས་ཀྱི་མ་ལ་ཡཱ་ཁྱིམ་ཚང་ཆུ་ཚན་ཁང་དེ་བདེ་བླག་ངང་ཁེ་གཉེར་ལས་འགོ་བརྩམས་ཐུབ་པ་དེའོ།

    ཕྱིས་འབྱུང་གི་སྐོར་གླེང་སྐབས་སྦྱིན་བདག་ཉི་མས། སྤོབས་ཉམས་ལྡན་པའི་ངང་། ད་ལྟ་ཁོ་བོས་ཁེ་གཉེར་དོ་དམ་བྱེད་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། ཇི་ལྟར་བྱས་ནས་འཛད་སྤྱོད་པ་ཐུཌ་བློ་མགུ་པོ་ཡོང་བ་བྱ་རྒྱུའི་ཐད་ཐབས་བརྒྱ་ཇུས་སྟོང་བྱེད་བཞིན་ཡོད། ཆུ་ཚན་མགྲོན་ཁང་ལས་གཉེར་འགོ་བཙུཌ་ནས་དུས་ཐུང་ཟླ་ཤས་ལས་མ་སོང་བའི་ནང་ཕུཌ་འདུན་མངོན་འགྱུར་ཡོང་བའི་སྔ་ལྟས་བཟང་པོ་བྱུང་ཞེས་བརྗོད།

    བཅར་འདྲི་མཇུག་འགྲིལ་ཁར་བདག་གི་སེམས་ནང་། ཁོང་གིས་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་ཆུ་ཚན་མགྲོན་ཁང་དེར་མ་ལ་ཡཱ་ཞེས་པའི་མིང་བཏཌ་པ་ཡིན་ནམ། དེའི་གོ་དོན་གང་ཡིན་ནམ་སྙམ་སྟེ་འདྲི་འདོད་ཀྱི་བློ་འཆར་མོད། མནོ་བསམ་ཞིག་བཏང་རྗེས་ཞིང་པའི་ཕོ་གཞོན་ཞིག་གིས་རང་ཉིད་ཀྱི་ཁེ་ལས་ལ་ཡ་མཚན་ཆེ་བའི་མིང་ཞིག་བཏཌ་པ་དེར། ཚོང་རྟཌ་འགོད་སྐབས་གཞན་དང་ནོར་འཛོལ་མི་ཡོང་བ་དང་། མི་གཞན་གྱི་སེམས་ལ་བག་ཆགས་ཟབ་མོ་འཇོག་ཆེད་དང་། མི་ཚང་མས་དོ་སྣང་བྱ་དགོས་པ་ཞིག་ཏུ་འགྱུར་ཆེད་ཡིན་ཤས་ཆེ་སྙམ་སྟེ་འདྲི་རྩད་མ་ཞུས་པར། སླད་ཕྱིན་ཁོང་གི་ཁེ་གཉེར་བྱ་གཞག་མུ་མཐུད་ལམ་ལྷོངས་ཡོང་བ་དང་། ཆབ་ཁའི་རང་བྱུང་ཆུ་ཚན་ཡུན་རིང་གནས་པའི་སྨོན་འདུན་ཞུས་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།