དབུ་ཤོག>ཞིང་འབྲོག་གསར་པ།
  • ལས་བཟོའི་སྨན་བཅོས་འགན་བཅོལ་ལ་ངོ་མ་འགྱུར་ལྡོག་ཆེན་པོ་ཡོང་བ་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-25

    ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་མཉམ་རོགས་འགན་སྲུང་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཞིང་། ནང་དོན་གཙོ་བོ་གཤམ་གསལ་གྱི་དོན་ཚན་12དག་རེད་འདུག

    1.ཐོན་མང་བ་དང་རྒྱུན་མཐོང་ནད་གཞིའི་སྒོ་བསྟེན་སྨན་བཅོས་དཀྱུས་མའི་སྨན་རིན་སྤྱི་འདོམས་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་རིམ་བཞིན་འཇུག་རྒྱུ།

    2.སྒོ་བསྟེན་སྨན་བཅོས་དཀྱུས་མ་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚང་མར་སྤྱི་འདོམས་ཀྱིས་ཁྱབ་པར་བྱ་རྒྱུ། སྲིད་ཇུས་ཁྱབ་ཁོངས་ནང་གི་གཏོང་སྤྲོད་བསྡུར་གྲངས་50%ནས་འགོ་འཛུགས་རྒྱུ། རྒན་ཡོལ་ཞུ་མཁན་ལ་གཟིགས་སྐྱོང་འོས་འཚམ་བྱེད་ཆོག

    3.སྨན་བཅོལ་འགན་བཅོལ་ཐེབས་རྩའི་ཐེག་ནུས་གཞིར་བཟུང་། སྤྱི་འདོམས་ཐེབས་རྩ་ནས་གཏོང་སྤྲོད་བྱེད་པའི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་རིགས་ཀྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་བཏང་སྟེ། སྨན་བཅོས་བྱེད་ཡུན་རིང་བ་དང་། བདེ་ཐང་ལ་གནོད་པ་ཆེ་བ། གྲོན་དངུལ་གྱི་ཁུར་པོ་ལྕི་བ་བཅས་ཀྱི་ནད་གཞིའི་སྒོ་བསྟེན་སྨན་བཅོས་ཀྱི་གྲོན་དངུལ་ཆ་ཤས་ཤིག་མཉམ་རོགས་འགན་སྲུང་གི་ཁོངས་སུ་འཇུག་རྒྱུ།

    4.ཆ་རྐྱེན་དང་མཐུན་པའི་དམིགས་འཛུགས་སིལ་ཚོང་སྨན་རྫས་ཚོང་ཁང་གིས་མཁོ་འདོན་བྱས་པའི་སྨན་སྤྱོད་པའི་འགན་ལེན་ཞབས་ཞུ་སྒོ་བསྟེན་སྨན་བཅོས་ཀྱི་འགན་སྲུང་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་ཕྱི་ནས་བྲིས་པའི་སྨན་ཤོག་ཁྱེར་ཏེ་དམིགས་འཛུགས་སིལ་ཚོང་སྨན་རྫས་ཚོང་ཁང་དུ་རྩིས་རྒྱག་པ་དང་སྨན་སྦྱོར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

    5.ཆ་རྐྱེན་དང་འཚམ་པའི“དྲ་སྦྲེལ་+”གྱི་སྨན་བཅོས་ཞབས་ཞུ་འགན་སྲུང་ཁྱབ་ཁོངས་སུ་འཇུག་པའི་ཐབས་ཤེས་འཚོལ་ཞིབ་བྱ་རྒྱུ།

    6.ལས་ཐོག་ལས་བཟོ་མི་སྒེར་གྱི་རྩིས་ཐོར་མི་སྒེར་གྱིས་འཇལ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་བླུག་རྒྱུ་དང་། བླུག་པའི་ཚད་གཞི་དེ་རྩ་དོན་ཐོག་མི་སྒེར་གྱིས་འཇལ་བའི་གཞི་གྲངས་ཀྱི་2%ལ་ཚོད་འཛིན་བྱ་རྒྱུ། ཚན་པས་འཇལ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཚང་མ་སྤྱི་འདོམས་ཐེབས་རྩའི་ནང་འཇུག་རྒྱུ། 

    7.རྒན་ཡོལ་ཞུས་པའི་མི་སྒེར་གྱི་རྩིས་ཐོར་རྩ་དོན་ཐོག་སྤྱི་འདོམས་ཐེབས་རྩ་ནས་བཅད་གྲངས་བཞིན་བླུག་རྒྱུ་དང། བླུག་པའི་འབོར་གྲངས་སྤྱི་འདོམས་ས་ཁུལ་གྱིས《བསམ་འཆར》གཞིར་བཟུང་། སྒྱུར་བཅོས་བྱེད་པའི་ལོ་འདི་གའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་2%ཡས་མས་སུ་རིམ་བཞིན་ལེགས་སྒྲིག་བྱ་རྒྱུ།

    8.མི་སྒེར་གྱི་རྩིས་ཁྲ་དེ་འགན་བཅོལ་ནང་ཞུགས་མཁན་གྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའམ་ཡང་ན་དམིགས་འཛུགས་སྨན་རྫས་ཚོང་ཁང་དུ་སྤྱད་པའི་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ནང་རང་འཇལ་གྲོན་དངུལ་འཇལ་བར་གཙོ་བོར་སྤྱོད་རྒྱུ་དང་། འགན་བཅོལ་ནང་ཞུགས་པའི་མི་སྣ་དེ་རང་དང་དེའི་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ཀྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པ་ལས་ཐོན་པའི་མི་སྒེར་གྱིས་འཇལ་དགོས་པའི་སྨན་རིན་དང་དེ་བཞིན་དམིགས་འཛུགས་སིལ་ཚོང་སྨན་རྫས་ཚོང་ཁང་ནས་སྨན་དང་། སྨན་བཅོས་ཡོ་བྱད། ཟད་གྲོན་ཆེ་བའི་སྨན་སྤྱོད་མཁོ་ཆས་ཉོས་པ་ལས་ཐོན་པའི་གྲོན་དངུལ་ལ་སྤྱོད་ཆོག 

    9.སྤྱི་པའི་འཕྲོད་བསྟེན་གྱི་འགྲོ་གྲོན་དང་། ལུས་སྦྱོང་ངམ་ཡང་ན་ལུས་གསོ་བདེ་ཐང་འཛད་སྤྱོད་སོགས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་མི་ཚུད་པའི་འགྲོ་གྲོན་མི་སྒེར་གྱི་རྩིས་ཁྲ་ནས་གཏོང་མི་ཆོག

    10.ཉལ་ཁྲི་བཟུང་ནས་སྨན་ཁང་དུ་མི་སྡོད་པ་དང་། ནད་པའི་བློ་བཀུག་ནས་སྨན་ཁང་དུ་སྡོད་དུ་འཇུག་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ།

    11.རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་མགྱོགས་པོ་བཙུགས་ནས། སྒོ་བསྟེན་སྨན་བཅོས་ཀྱི་གྲོན་དངུལ་ཐད་ཡུལ་གཞན་དུ་སྨན་བཅོས་བྱས་པའི་གྲོན་དངུལ་ཐད་ཀར་མཇུག་རྩིས་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ།

    12.གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། འགན་བཅོལ་ནང་ཞུགས་མཁན་གྱིས་གཞི་རིམ་དུ་སྨན་བཅོས་བྱེད་པར་སྐུལ་ཁྲིད་བྱེད་དགོས།

    ཞིང་ཆེན་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས《བསམ་འཆར》འདིའི་བླང་བྱ་གཞིར་བཟུང་། 2021ལོའི་ཟླ་12པའི་གོང་དུ་ལག་བསྟར་བྱ་ཐབས་འདོན་དགོས་པ་དང་། སྤྱི་འདོམས་ས་ཁུལ་ཁག་གིས་རང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལོ་3ཡས་མས་ཀྱི་བར་བརྒལ་དུས་ཚིགས་བཟོས་ནས། སྒྱུར་བཅོས་ཀྱི་དམིགས་ཚད་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།