དབུ་ཤོག>ཞིང་འབྲོག་གསར་པ།
  • ​ཆུ་གསུམ་རྫོང་སྟོད་གཟིགས་ཤང་ཀླུང་གྲོང་ཚོའི་ཚེ་བརྟན་སྒྲོལ་དཀར་ཁྱིམ་གྱི་དབུལ་སྒྲོལ་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-26

    2013ལོར་ཁྱིམ་ཚང་གི་ཀ་བ་ལྟ་བུའི་བཟའ་ཟླ་ཚེ་བརྟན་ཆོས་འཕེལ་ནད་གཞིས་རྐྱེན་པས་ཚེ་ལས་འདས་རྗེས་ཆུ་གསུམ་རྫོང་སྟོད་གཟིགས་ཤང་ཀླུང་གྲོང་ཚོའི་ཚེ་བརྟན་སྒྲོལ་དཀར་གྱི་ཁྱིམ་ཚང་རེ་ཞིག་དབུལ་པོའི་གནས་སུ་གྱར། 2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས་ཏང་དང་སྲིད་གཞུང་གི་རོགས་རམ་དང་རང་ཉིད་ཀྱི་འབད་བརྩོན་འོག་ཚེ་བརྟན་སྒྲོལ་དཀར་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས།

    བཟའ་ཟླ་ཚེ་བརྟན་ཆོས་འཕེལ་ཚེ་ལས་འདས་སྐབས་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་མུས་ཡིན་པ་དང་། ཁྱིམ་ཚང་ལ་ངལ་ནུས་མི་འདང་བ། ཞིང་ལས་ཐོན་སྐྱེད་བྱེད་སྐབས་རོགས་པ་བྱེད་མཁན་མེད་པ། ཕྱིར་གླ་པར་སྐྱོད་ཐབས་བྲལ་བ། དཔལ་འབྱོར་ཡོང་འབབ་མེད་པ་སོགས་ཚེ་བརྟན་སྒྲོལ་དཀར་ལ་དཀའ་ངལ་མང་པོ་འཕྲད་ཡོད། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་ཁོང་ཁྱིམ་གྱི་དོན་དངོས་གནས་ཚུལ་ལ་བསམ་གཞིག་བྱས་ཏེ་ཚེ་བརྟན་སྒྲོལ་དཀར་ལ་ལོ་ལྟར་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་སྒོར་3000སྤྲོད་རྒྱུའི་གཏན་འཁེལ་བྱས།

    “དབུལ་སྒྲོལ་ཐུབ་པར་རྒྱལ་ཁབ་ལ་བརྟེན་དགོས་ལ་རང་ཉིད་ལ་དེ་བས་བརྟེན་དགོས”པའི་ཐད་བསམ་བློ་བཏང་ནས་ཚེ་བརྟན་སྒྲོལ་དཀར་གྱིས་དངུལ་གཡར་ཏེ་བཞོན་མ་4དང་ལུག་20ལྷག་ཙམ་ཉོས་པ་རེད།

    ཚེ་བརྟན་སྒྲོལ་དཀར་གྱིས་བཞོན་མ་དང་ལུག་གསོ་རྒྱུའི་ཐག་བཅད་པ་དེ་ནི་ཀླུང་གྲོང་ཚོའི་བཞོན་མ་གསོ་ཚགས་རྟེན་གཞིས་ཁོང་དང་དུས་ཡུན་ལོ་3གྱི་གན་རྒྱ་ཞིག་བཞག་པས་རེད། གཞན་ཡང་ཁོང་ད་དུང་གསོ་ཚགས་རྟེན་གཞིའི་ལས་མིར་བསྡུས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་འཚོལ་ཞིབ་ཟམ་མི་ཆད་པར་བྱས་པ་བརྒྱུད་ཀླུང་གྲོང་ཚོས“རྟེན་གཞི་དང་། ཞིང་དུད། ཕྱིར་འཚོང”བཅས་ཟུང་དུ་འབྲེལ་བའི་ཁྱད་ལྡན་གསོ་ཚགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། མང་ཚོགས་ཚོས་རང་ཁྱིམ་གྱི་བཞོན་མ་དང་ལུག་རྟེན་གཞིར་གསོ་ཚགས་བྱ་རྒྱུར་མངགས་བཅོལ་བྱས་ནས་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། ད་དུང་རང་ཉིད་ཀྱི་ཁྱིམ་དུ་གསོ་ཚགས་བྱས་ནས་རྟེན་གཞིར་ཕྱིར་འཚོང་བྱ་རྒྱུར་མངགས་ནའང་འགྲིག་གི་ཡོད། “གསོ་ཚགས་རྟེན་གཞིར་ལས་ཀར་བསྐྱོད་ཚེ་ཁ་ལག་དང་སྡོད་ས་ཡོད་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་4000ལེན་རྒྱུ་ཡོད”འབབ་འཕར་བརྟན་པོ་བྱུང་རྗེས་ཚེ་བརྟན་སྒྲོལ་དཀར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོང་གིས“ཡོང་འབབ་མང་དུ་ཕྱིན་རྗེས་ཁྱིམ་དུ་དྲ་བ་ཁྲིད་ནས་དྲ་ཐོག་གློག་བརྙན་ལྟ་ཆོག་པ་དང་སྐད་འཕྲིན་གྱི་བརྙན་ལམ་བརྒྱུད་བུ་དང་སྐད་ཆ་ཤོད་རེས་བྱེད་ཆོག་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    ཚེ་བརྟན་སྒྲོལ་དཀར་གྱི་བུ་རྒན་པས་རླངས་འཁོར་ཉམས་བཟོའི་ལག་རྩལ་ཤེས་ནས་མིག་སྔར་རླངས་འཁོར་ཉམས་བཟོ་ཁང་ཞིག་ཏུ་ལས་ཀར་འགྲོ་གི་ཡོད། བུ་ཆུང་བ་བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་ཐོན་རྗེས་གཞུང་ཞབས་པའི་ཡིག་རྒྱུགས་བཏང་བ་བརྒྱུད་གཞི་རིམ་གྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཞིག་ལ་གྱུར་ཡོད། ཁོང་གིས་བུ་དྲན་སྐབས་ཁ་པར་གྱི་སྐད་འཕྲིན་ནས་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད། ཁོང་གིས“འཚོ་བ་སྐྱིད་པོ་འདི་ལྟ་བུ་སྐྱེལ་རྒྱུ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད། ད་ཆའི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་ལ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    ཚེ་བརྟན་སྒྲོལ་དཀར་གྱིས་གསར་འགོད་པར་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ཁོང་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད་གྲོང་ཚོའི་ནང་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས། ཁོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྗེས་གྲོང་ཚོའི་ནང་རྒྱག་རེས་རྒྱག་པ་དང་། ཆང་རག་མང་པོ་འཐུང་བ། རྙོག་དྲ་སློང་བ་སོགས་བྱེད་མཁན་ཉུང་དུ་ཕྱིན་ཡོད། གྲོང་ཚོའི་འཕྲོད་བསྟེན་ཁང་དུ་གད་ཕྱིས་བྱེད་མཁན་ཡོད་པ་དང་། གད་སྙིགས་གཙང་ཕྱགས་བྱེད་མཁན་ཡོད་པ། གྲོང་ཚོ་གཙང་མར་གྱུར་བ། ཁྱིམ་ཚང་སོ་སོའི་སྒོ་ར་དེ་སྔ་ལས་གཙང་དུ་ཕྱིན་པ། གྲོང་ཚོ་ཇེ་མཛེས་སུ་ཕྱིན་པ་བཅས་རེད་ཅེས་བཤད།

    ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་ཚེ་བརྟན་སྒྲོལ་དཀར་གཅིག་པུ་འཚོ་བ་སྐྱེལ་གྱི་ཡོད་པའི་དོན་དངོས་ལ་དམིགས་ནས་ཚེ་བརྟན་སྒྲོལ་དཀར་སྣེ་གདོང་ཆུས་ཕོ་བྲང་ཤང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་སྤོ་རྒྱུའི་སྐུལ་སློང་བྱས། ན་ནིང་ཟླ་7ཚེས་19ཉིན་སྟོད་གཟིགས་ཤང་ཏང་ཨུད་ཀྱིས་ཆེད་མི་མངགས་ནས་ཤང་དེའི་གནས་སྤོའི་མང་ཚོགས་ལ་ལྟ་བ་དང་འཚམས་འདྲིར་བསྐྱོད་དེ་གནས་སྤོས་མང་ཚོགས་ཀྱི་སེམས་དྲོ་སོབ་སོབ་ཡོང་བར་བྱས་ཡོད། “སྡོད་ཁང་གསར་པ་ཡིན་པ་མ་ཟད། ཁྱིམ་ཆས་ཀྱང་ཡོད་པས་ངའི་བསམ་ཚོད་ལས་དེ་བས་ཡག་པ་འདུག འདི་གར་བུ་ལས་ཀར་སྐྱོད་ས་དང་ཐག་དེ་བས་ཉེ་བ་ཡོད་སྟབས་ཁོང་ཚོ་ཁྱིམ་དུ་ལོག་བདེ་རུ་ཕྱིན་ནས་ང་ཚོ་ནང་མི་ཚོ་མཉམ་དུ་སྡོད་པའི་དུས་ཚོད་མང་དུ་ཕྱིན་སོང”ཞེས་ཚེ་བརྟན་སྒྲོལ་དཀར་གྱིས་བཤད།

    ད་ཆ་ཚེ་བརྟན་སྒྲོལ་དཀར་གྱི་བུ་རྒན་པས་ལྷོ་ཁ་གྲོང་ཁྱེར་གྱི་རླངས་འཁོར་ཉམས་བཟོ་ཁང་ཞིག་གི་ཉོ་སྒྲུབ་དང་ཕྱིར་འཚོང་གི་འགན་འཁུར་གྱི་ཡོད། མ་གཞི་ལས་ཀ་བརྟན་འཇགས་ཤིག་མིན་རུང་ཡོང་འབབ་འགན་ལེན་ཡོད། ཕྲུ་གུ་ཚོ་ལས་ཀར་བསྐྱོད་པ་དེ་ནི་ཚེ་བརྟན་སྒྲོལ་དཀར་དགའ་འོས་པའི་དོན་དག་ཞིག་རེད། རང་ཉིད་ཀྱང“འཐག་རྩལ་གྱི་གསོ་སྦྱོང་ལ་ཞུགས་པ་བརྒྱུད་སྤུ་ཕྲུག་དང་། ཉལ་ཆས། ཁ་གདན་སོགས་བཏགས་ནས་་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་རེ་གཉིས་ཡོང་གི་འདུག”ཅེས་གསར་འགོད་པར་བཤད།

    འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་གི་ཡོད་པས་ཚེ་བརྟན་སྒྲོལ་དཀར་གྱིས་འབྱུང་འགྱུར་འཚོ་བར་རེ་བས་ཁེངས་བཞིན“ང་འདི་ལོ་ལོ་49ཡིན་པས་འཚོ་བ་བསྐྱལ་བ་ལས་སྐྱེལ་རྒྱུ་མང་བ་ཡོད། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོས་ལས་ཀ་ཧུར་ཐག་བྱས་ཚེ་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད” ཅེས་བཤད།

    ད་ཆ་ཚེ་བརྟན་སྒྲོལ་དཀར་གྱི་རེ་བ་ཆེ་ཤོས་ནི་ཕྲུ་གུ་གཉིས་མགྱོགས་ཙམ་གཉེན་སྒྲིག་བྱས་ཏེ་སྔ་ཙམ་ཚ་བོ་ཚ་མོ་ཉར་རྒྱུ་ཡོད་པ་བྱ་རྒྱུ་དེ་རེད། ཁོང་གིས“མགྱོགས་པོ་རེད། ད་ཆ་སྤྱི་ཚོགས་འཕེལ་རྒྱས་ཡག་པོ་འདི་འདྲ་ཡོད་པས་རེ་བ་དེ་དག་སྒྲུབ་ངེས་རེད”ཅེས་ཚ་བོ་ཚ་མོས་ཁེངས་པའི་བདེ་སྐྱིད་འཚོ་བ་མིག་མདུན་དུ་འཆར་བ་བཞིན་དགའ་ཚོར་ཆེན་པོའི་སྒོ་ནས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།