དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པའི་སྐོར་གྱི་བསམ་འཆར། (གནད་བསྡུས)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ས་ཁུལ་དབུལ་པོ་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་དགོས།

    གཅིག དོན་སྙིང་གལ་ཆེན་གྱི་སྐོར།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་མངོན་གསལ་དོད་པོ་ཞིག་གི་ཐོག་བཞག་པའི་ཁར། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལས་འགན་གཙོ་བོ་ཞིག་ལ་བརྩིས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཀོད་པ་དང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ལ་ལོ་སྟོང་ཕྲག་འགའ་ཞིག་རིང་འཕྲད་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཉེར་ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་བརྩི་མཐོང་ཐོབ་བཞིན་ཡོད། 2020ལོར་རང་རྒྱལ་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པ། ས་ཁོངས་རང་བཞིན་གྱི་དབུལ་པོའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་པ་དང་། “སེམས་ཁྲལ་མེད་པ་གཉིས”ཀྱི་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང“འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མཐར་ཕྱིན་ཐུབ་པ། མི་འབོར་དབུལ་པོའི་ཡོང་འབབ་ཆུ་ཚད་ཇེ་མཐོར་སོང་བ་དང་རང་བརྟེན་དབུལ་སྒྲོལ་གྱི་ནུས་པ་བརྟན་པོའི་ངང་ཆེ་རུ་སོང་བ། ས་ཁུལ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སྐོར་གྱི་གྲོས་རིམ》གྱི་དབུལ་པོ་ཉུང་གཏོང་དམིགས་ཚད་ལོ་10སྔ་སྣུར་དུ་མངོན་འགྱུར་བྱུང་བ་དང་ཕྱོགས་ཡོངས་འབྱོར་འབྲིང་གི་ལམ་དུ་སྐྱོད་རིང་མི་གཅིག་ཀྱང་མི་ལུས་པ་བྱུང་སྟེ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གོམ་པ་བརྟན་པོ་ཞིག་སྤོས་ཡོད། དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་རླབས་ཆེན་བྱ་གཞག་ལེགས་པར་བསྒྲུབས་པ་དེ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་དང་གོ་ལ་ཧྲིལ་པོའི་དབུལ་ཟློག་བྱ་གཞག་ལ་ཀྲུང་གོ་མི་དམངས་ཀྱིས་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཀྱང་རེད།

    གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་གཙོ་ཁྲིད། སྐུ་ངོ་མས་གཡུལ་སར་ལྟ་སྐུལ་བཅས་གནང་སྟེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་ལེན་བསྟར་བར་སྐུལ་འདེད་བཏང་གནང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བློ་སེམས་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཤིང་། ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་འགན་གཙོ་བོ་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཕན་ཚུན་ཁ་གསབ་ཀྱི་དབུལ་སྐྱོར་བྱེད་སྟངས་ཆེན་པོ་ཞིག་ཆགས་པར་བྱས་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་འབད་འབུངས་ལྷོད་མེད་བྱས་ཤིང་། ལས་བྱེད་པ་ཁྲི་བརྒྱ་གྲངས་ཀྱིས་དབུལ་སྐྱོར་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་པ་དང་མང་ཚོགས་དབུལ་པོ་དུང་ཕྱུར་དུ་མས་རང་ཉིད་ཀྱི་ལག་གཉིས་དང་བློ་གྲོས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པར་བྱས་པ། སྲིད་ཇུས་མ་ལག་དང་། ལམ་ལུགས་མ་ལག ལས་དོན་མ་ལག་བཅས་ནུས་པ་ལྡན་ལ་དོན་ཐོག་ཏུ་འཁྱོལ་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་ཁྱབ་རྒྱ་ཆེན་པོ་དང་རིན་ཐང་ཆེ་ཚད་མཐོ་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལམ་ལུགས་མ་ལག་ཆ་ཚང་པོ་དང་གོང་འོག་ཀུན་ལ་ཁྱབ་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་མ་ལག་གི་དམིགས་ཚད་ཁ་གསལ་དང་ལག་བསྟར་བྱེད་ནུས་ཆེན་པོ་བཅས་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱས་པ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་པ་བཅས་ལས་བྱུང་བ་ཞིག་རེད།

    གཉིས། སྤྱིའི་བླང་བྱའི་སྐོར།

    (གཅིག) མཛུབ་ཁྲིད་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཐུན་མོང་ཕྱུག་འགྱུར་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ། གྲོང་གསེབ་དར་རྒྱས་ཀྱི་འགོ་ཁྲིད་སྒྲིག་གཞི་དང་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། སྒྲིག་འཛུགས་སོགས་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་ཚུགས་པ་དང་གོམ་པ་བརྟན་པོ་ཞིག་སྤོ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

    (གཉིས) གཞི་རྩའི་བསམ་ཕྱོགས་དང་དམིགས་ཚད་ལས་འགན། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལེགས་གྲུབ་བྱུང་རྗེས་ལོ་ལྔའི་བར་བརྒལ་དུས་ཚོད་གཏན་འཁེལ་བྱེད་དགོས། དབུལ་སྒྲོལ་ས་ཁུལ་གྱིས་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་པ་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་པའི་ཁར། བར་བརྒལ་དུས་ཚོད་རིང་གི་འགོ་ཁྲིད་སྒྲིག་གཞི་དང་། ལས་དོན་མ་ལག འཕེལ་རྒྱས་འཆར་འགོད། སྲིད་ཇུས་བྱ་ཐབས། དཔྱད་ཞིབ་ལམ་སྲོལ་སོགས་འབྲེལ་མཐུད་ཡག་པོ་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་བ་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་ཕྱོགས་སུ་འགྱུར་བ་བྱེད་དགོས་པ་དང་ཐོན་ཁུངས་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགྱུར་བ་བྱེད་དགོས། 2025ལོར་སླེབས་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་འགྲོ་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་པ། དབུལ་སྒྲོལ་ས་ཁུལ་གྱི་དཔལ་འབྱོར་གྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་འགྲོ་བ། གྲོང་གསེབ་ཀྱི་ཐོན་ལས་ཀྱི་སྤུས་ཚད་དང་། ཕན་འབྲས། འགྲན་རྩོད་ནུས་པ་བཅས་སྔར་བས་ཆེ་རུ་འགྲོ་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་འགྲོ་བ། མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། ཡུལ་སྲོལ་བཟང་བ་འཛུགས་སྐྱོང་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་ཁག་བགོས་རོགས་རམ་གྱི་ཕུགས་ཕན་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་བཅས་བྱས་ནས་དབུལ་སྒྲོལ་ས་ཁུལ་གྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཞིང་པའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོང་བ་བྱེད་དགོས། 2035ལོར་སླེབས་སྐབས་དབུལ་སྒྲོལ་ས་ཁུལ་གྱི་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་། གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་ཆེན་པོ་ཡོང་བ།

    གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་སྔར་བས་ཆུང་དུ་འགྲོ་བ་བཅས་བྱས་ཏེ་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

    གསུམ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར།

    (གཅིག) རོཌ་སྐྱོར་སྲིད་ཇུས་གཙོ་བོ་རྩ་བའི་ཆ་ནས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། བར་བརྒལ་དུས་ཚོད་ནང“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མཚམས་མི་འཇོག་པར་ལྷོད་གཡེང་དང་ཁྲལ་སེལ་བྱེད་པའི་གནས་ཚུལ་མ་ཐོན་སྔོན་འགོག་བྱེད་དགོས་པ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མཚམས་མི་འཇོག་པར་འཕྲལ་མར་ལས་མཚམས་འཇོག་པའི་གནས་ཚུལ་མ་ཐོན་སྔོན་འགོག་བྱེད་དགོས་པ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མཚམས་མི་འཇོག་པར་ཕྱིར་འཐེན་བྱེད་རྐྱང་བྱེད་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས་པ། དབུལ་ཞྭ་ཕུལ་ཀྱང་ལྟ་འདོམས་མཚམས་མི་འཇོག་པར་དབུལ་པོ་བསྐྱར་དུ་མ་ཐོན་སྔོན་འགོག་བྱེད་དགོས། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རྒྱུན་སྲིང་བྱེད་དགོས་རིགས་རྒྱུན་སྲིང་དང་། ལེགས་སུ་གཏོང་དགོས་རིགས་ལེགས་སུ། བཅོས་སྒྲིག་བྱེད་དགོས་རིགས་བཅོས་སྒྲིག་བཅས་བྱས་ནས་སྲིད་ཇུས་རྒྱུན་མཐུད་ཐུབ་པ་བྱེད་དགོས། ཐ་སྐྱོང་རོགས་སྐྱོར་རིགས་ཀྱི་སྲིད་ཇུས་མུ་མཐུད་བརྟན་པོ་ཡོང་བ་བྱེད་དགོས། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་དམངས་འཚོ་འགན་ལེན་གྱི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་འབྲེལ། དབུལ་སྒྲོལ་མི་འབོར་གྱི་དཀའ་ངལ་དངོས་ལ་གཞིགས་ནས་གཟིགས་སྐྱོང་འོས་འཚམ་ཡང་བྱེད་དགོས། ཐོན་ལས་ལས་ཞུགས་སོགས་འཕེལ་རྒྱས་རིགས་ཀྱི་སྲིད་ཇུས་ལེགས་སུ་གཏོང་དགོས།

    (གཉིས) དབུལ་པོ་བསྐྱར་ལོག་སྔོན་འགོག་གི་སྒུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་། མཐར་ལུས་ཀྱི་དབུལ་པོ་ཆགས་སླ་བའི་དུད་ཚང་། ནད་གཞི་དང་། གནོད་འཚེ། ཐོལ་བྱུང་དོན་རྐྱེན་སོགས་ཀྱིས་རྐྱེན་པས་མ་གཏོང་ཀ་མེད་ཀྱི་གཏོང་སྒོ་ཅུང་ཆེ་བའམ་ཡང་ན་ཡོང་འབབ་ཇེ་ཉུང་དུ་ཤུགས་ཆེན་ཕྱིན་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་དུད་ཚང་བཅས་ལ་དུས་བཀག་ཞིབ་བཤེར་དང་སྟབས་བསྟུན་དོ་དམ་བྱེད་པ་དང་། གཏོང་ཡོང་གཉིས་ཀྱི་གནས་ཚུལ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་དེ་བཞིན་འཐུང་ཆུའི་བདེ་འཇགས་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་གཏན་འཁེལ་ལུགས་མཐུན་བྱེད་དགོས། དབུལ་པོ་བསྐྱར་ལོག་དང་དབུལ་པོ་ཆགས་སླ་བའི་མི་འབོར་མགྱོགས་མྱུར་ཤེས་རྟོགས་དང་དང་ལེན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རོགས་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་རིམ་དབྱེ་རིགས་དབྱེའི་ངང་བཅུག་ནས་སྟབས་བསྟུན་གཙང་སེལ་བྱེད་དགོས།

    (གསུམ) “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ། ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། སློབ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལམ་སྲོལ་བཟོས་ཏེ་གཟུགས་གཞིས་རྐྱེན་པས་སློབ་གྲྭར་འགྲོ་མ་ཐུབ་པ་ཕུད་དབུལ་སྒྲོལ་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་བྱིས་པ་སློབ་མཚམས་མི་ཆད་པ་དང་སློབ་མཚམས་མི་འཇོག་པའི་འགན་ལེན་བྱེད་དགོས། ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་དང་དབུལ་པོ་ཆགས་པའི་ཉེན་ཁ་འགོག་ཟོན་ནུས་ལྡན་དང་རིགས་དབྱེ་ནས་རོགས་དངུལ་སྤྲོད་པའི་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་མི་འབོར་འགན་བཅོལ་ནང་ཞུགས་རྒྱུའི་སྐུལ་སློང་ལས་དོན་ཡག་པོ་སྒྲུབ་དགོས། གྲོང་གསེབ་ཀྱི་དབུལ་སྒྲོལ་མི་འབོར་གྱི་སྡོད་ཁང་བདེ་འཇགས་ཀྱི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཟོས་ཏེ། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་སོགས་བྱ་ཐབས་སྣ་མང་ལ་བརྟེན་ནས་ཡོང་འབབ་དམའ་བའི་མི་འབོར་གྱི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་ལེན་བྱེད་དགོས། གྲོང་གསེབ་ཏུ་བསྐྲུན་ཟིན་པའི་ཆུ་མཁོ་འདོན་ལས་གྲྭའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྲུང་སྐྱོང་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    (བཞི) ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས་པ། དེ་སྔའི་ཤིན་ཏུ་དབུལ་བའི་ས་ཁུལ་དང་བཀོད་སྒྲིག་ཁུལ་ཆེ་གྲས་དང་ཧ་ཅང་ཆེ་གྲས་ལ་དམིགས་ཏེ། ལས་ཞུགས་དགོས་མཁོ་དང་། ཐོན་ལས་འཕེལ་རྒྱས། རྗེས་མཐུད་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་རིམ་སྤོར་དང་འཐུས་ཚང་སོགས་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྗེས་མཐུད་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། བཀོད་སྒྲིག་ཁུལ་གྱི་སྡེ་ཁུལ་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་གཅེས་སྐྱོང་ལམ་སྲོལ་བཙུགས་ནས་སྤྱི་ཚོགས་ནང་མཉམ་འཚོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།

    (ལྔ) དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ། རིགས་ཁག་གི་དབུལ་སྐྱོར་རྣམ་གྲངས་ལས་གྲུབ་པའི་རྒྱུ་ནོར་གྱི་གཞི་གྲངས་རིགས་དབྱེ་མཐིལ་རྟོགས་བྱེད་དགོས། སྤྱི་ཕན་རང་བཞིན་གྱི་རྒྱུ་ནོར་དེ་བདག་སྐྱོང་བྱེད་པོར་དོན་འཁྱོལ་བྱེད་པ་དང་བདག་སྐྱོང་གི་འགན་འཁྲི་ཁ་གསལ་བཟོས་ནས་མུ་མཐུད་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    བཞི། དབུལ་སྒྲོལ་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་སྐོར།

    (དྲུག) དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། ཐོན་ལས་ཀྱི་རྗེས་མཐུད་ཡུན་རིང་སྐྱེད་སྲིང་ལ་མཐོང་ཆེན་བྱེད་པ་དང་། ཁྲོམ་རའི་ཆོས་ཉིད་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཐོན་ལས་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་སྒྲོལ་རྫོང་ཚན་པར་བྱས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཆར་འགོད་འཕེལ་རྒྱས་བཏང་སྟེ་ཁྱད་ལྡན་འདེབས་གསོའི་ལས་རིགས་ཀྱི་རིམ་སྤོར་བྱ་སྤྱོད་ལག་ལེན་བསྟར་བ་དང་ཐོན་ལས་འཁོར་འབྲེལ་གྱི་རྒྱབ་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས།

    (བདུན) དབུལ་སྒྲོལ་མི་འབོར་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ། ལས་མི་སྤྱོད་པའི་ཆ་འཕྲིན་ལས་སྟེགས་བསྐྲུན་པ་དང་ཁུལ་ཁོངས་ཀྱི་ངལ་ནུས་སྤུས་རྟགས་སྐྱེད་སྲིང་བྱས་ནས་དབུལ་སྒྲོལ་མི་འབོར་སྒྲིག་འཛུགས་ཡོད་པའི་ངང་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་དང་། ཆུ་བེད་ཆུང་གྲས། གྲོང་གསེབ་ཀྱི་གཞུང་ལམ། ས་ཞིང་བཅོས་སྒྲིག ས་ཆུ་སྲུང་འཛིན། ཐོན་ལས་གླིང་། ནགས་ལས་རྩྭ་ཐང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ཞིང་ལས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་སྐབས་དབུལ་སྒྲོལ་ས་ཁུལ་ལ་རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་སྤྲོད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་དགོས། དབུལ་སྐྱོར་འཁོར་ཁང་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་ཡོང་བ་བྱེད་དགོས། བར་བརྒལ་དུས་སུ་སྣོད་བཅུད་ནགས་སྲུང་བའི་སྲིད་ཇུས་རིམ་པས་ལེགས་སྒྲིག་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཕན་ལས་གནས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱས་ནས། མཁོ་བསྟུན་གནས་འཛུགས་དང་། གནས་བསྟུན་གདན་ཞུ། གནས་འཁོད་གསབ་ལེན། རིམ་པས་གནས་འཐེན་བཅས་ཀྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བར་བརྒལ་དུས་སུ་སྤྱི་ཕན་ལས་གནས་སྲིད་ཇུས་རིམ་པས་ལེགས་སྒྲིག་བྱེད་དགོས།

    (བརྒྱད) དབུལ་སྒྲོལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་གཏོང་དགོས་པ། དབུལ་སྒྲོལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མྱུར་བགྲོད་གཞུང་ལམ་དང་། འགྲུལ་ཟོག་མཉམ་འདྲེན་གྱི་ལྕགས་ལམ། ཆུ་བེད། གློག་ཤུགས། གནམ་ཐང་། འཕྲིན་གཏོང་དྲ་རྒྱ་སོགས་ས་ཁོངས་རང་བཞིན་དང་ས་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ་གལ་ཆེན་ཁག་གཅིག་བསྐྲུན་རྒྱུར་གཙོ་གནད་ཐོག་ཇུས་འགོད་བྱེད་དགོས།

    (དགུ) དབུལ་སྒྲོལ་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དབུལ་སྒྲོལ་ས་ཁུལ་གྱི་ལས་རིགས་སློབ་གླིང(ལག་རྩལ་པའི་སློབ་གླིང་ཚུད་པ)གི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མར་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་མུ་མཐུད་ལག་ལེན་བསྟར་དགོས། དབུལ་སྒྲོལ་ས་ཁུལ་མང་ཆེ་བར་གཞུང་གྲོན་དགེ་འོས་སློབ་མ་གསོ་སྐྱོང་གི་འགྲོ་གྲོན་མང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་ལུགས་མཐུན་སྐོར་སྐྱོད་དང་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས།

    ལྔ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར།

    (བཅུ) གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ད་ཡོད་སྤྱི་ཚོགས་འགན་སྲུང་མ་ལག་རྨང་གཞིར་བྱས་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན། གྲོང་གསེབ་ཀྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོ་ཆགས་སླ་བའི་མི་འབོར་བཅས་དང་དེ་བཞིན་ནད་གཞི་དང་། གནོད་འཚེ། ཐོལ་བྱུང་དོན་རྐྱེན་སོགས་ཀྱིས་རྐྱེན་པས་མ་གཏོང་ཀ་མེད་ཀྱི་གཏོང་སྒོ་ཅུང་ཆེ་བའམ་ཡང་ན་ཡོང་འབབ་ཇེ་ཉུང་དུ་ཤུགས་ཆེན་ཕྱིན་པའི་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པའི་མི་འབོར་སོགས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་དགོས། དམངས་སྲིད་དང་། དབུལ་སྐྱོར། སློབ་གསོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་འཛུགས་སྐྲུན། སྨན་བཅོས་འགན་སྲུང་སོགས་སྲིད་གཞུང་སྡེ་ཚན་གྱི་ད་ཡོད་གྲངས་གཞིའི་ལས་སྟེགས་གང་ལེགས་སྤྱད་དེ། གྲངས་གཞི་བསྡུར་བ་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་རང་རྟོགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཚན་མང་པོ་མཉམ་འགུལ་གྱི་ཉེན་ཁའི་སྔོན་བརྡ་དང་། ཞིབ་འཇུག་བརྡར་ཤ། ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་གྱི་ཉེན་ཁའི་གནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་རོགས་རམ་བྱེད་དགོས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་དུས་བཀག་ཞིབ་དཔྱད་དང་སྒུལ་རྣམ་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    (བཅུ་གཅིག) རིམ་པ་དང་རིགས་དབྱེ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོར་ལག་ལེན་བསྟར་དགོས་པ། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གཏན་འཁེལ་བྱས་ཏེ་སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མ་མཐའི“མི་ཧྲེང་ཁྱིམ་དུད”ལ་དམིགས་པའི་སྲིད་ཇུས་ལེགས་སྒྲིག་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་ངོས་འཛིན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་བཟོ་བ་དང་སྒུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་བཟོ་སྐབས་ཞིང་ཆེན་རིམ་པའི་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། ངལ་རྩོལ་ནུས་པ་ལྡན་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལས་ཀར་འགྲོ་རྒྱུར་ལྕག་སྐུལ་བྱས་ནས་ཁྱིམ་ཚང་གི་ཡོང་འབབ་རྩིས་རྒྱག་སྐབས་དགོས་ངེས་ཀྱི་ལས་ཞུགས་མ་གནས་ཉུང་འཕྲི་བྱེད་དགོས། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་འཚོ་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རོགས་སྐྱོབ་འཚོ་སྐྱོང་ཆུ་ཚད་དང་ཞབས་ཞུའི་ཆུ་ཚད་ལུགས་མཐུན་ངང་མཐོ་རུ་གཏོང་དགོས།

    (བཅུ་གཉིས) གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ཆུ་ཚད་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས་པ། གཞི་རྩའི་ཚད་གཞི་མཐའ་འཁྱོངས་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་འགན་སྲུང་ལམ་ལུགས་གསུམ་གྱི་ཁུར་པོ་རིམ་པས་ཡང་དུ་གཏོང་བའི་ཕྱོགས་བསྡུས་ནུས་པ་སྤྱི་འདོམས་འདོན་སྤེལ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་མུ་མཐུད་མ་དངུལ་གྲངས་ཚང་ངང་རོགས་རམ་བྱེད་པ་དང་། བཅད་གྲངས་གཞིར་བཟུང་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ལ་མ་དངུལ་རོགས་རམ་བྱེད་པ། བར་བརྒལ་དུས་སུ་དབུལ་སྒྲོལ་མི་འབོར་ལ་མ་དངུལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་རིམ་པས་ལེགས་སྒྲིག་བྱེད་དགོས།

    (བཅུ་གསུམ) རྒན་གསོའི་འགན་སྲུང་དང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་དངུལ་ཚབ་འཇལ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། ས་གནས་སྲིད་གཞུང་གིས་ས་གནས་དེ་གའི་དོན་དངོས་གནས་ཚུལ་གཞིར་བཟུང་། གྲོན་དངུལ་འཇལ་བའི་རིམ་པ་དམའ་ཤོས་ལ་གཞིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་མཁན། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་མཁན། དབང་པོ་སྐྱོན་ཅན་ཚབས་ཆེ་བ་སོགས་གྲོན་དངུལ་འཇལ་དཀའ་བའི་ཚོགས་སྤྱིར་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཚང་མ་ཚབ་འཇལ་བྱེད་དགོས།

    (བཅུ་བཞི) ངལ་ནུས་ཤོར་མཁན་མི་འབོར་གྱི་གཞི་རྩའི་འཚོ་བའི་འགན་སྲུང་མཐའ་ཚད་བརྟན་དུ་གཏོང་དགོས་པ། དབུལ་སྒྲོལ་མི་འབོར་ཁྲོད་དུ་ངལ་ནུས་རྦད་དེ་ཤོར་བའམ་ཡང་ན་ངལ་ནུས་ཆ་ཤས་ཤོར་ཏེ་ཐོན་ལས་ཁྲོད་ནས་ཡོང་འབབ་བརྟན་པོ་གཏན་ནས་ཡོང་ཐབས་མེད་པའི་མི་འབོར་གཏན་འབེབས་གཞིར་བཟུང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ནམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་དང་འཚོ་སྐྱོང་ཁྱབ་ཁོངས་སུ་འཇུག་དགོས་པ་མ་ཟད། དཀའ་ངལ་གྱི་རིགས་གཞིར་བཟུང་དུས་ཐོག་ཏུ་དམིགས་བསལ་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་སོགས་བྱས་ནས་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་གང་ཐུབ་བྱེད་པ་དང་ཐ་སྐྱོང་བྱེད་དགོས་རིགས་ལ་ཐ་སྐྱོང་གང་ཐུབ་བྱེད་དགོས།

    དྲུག དབུལ་སྒྲོལ་ས་ཁུལ་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པའི་སྐོར།

    (བཅོ་ལྔ) ནུབ་རྒྱུད་ས་ཁུལ་གྱི་དབུལ་སྒྲོལ་རྫོང་གི་ཁྲོད་ནས་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ཁག་གཅིག་ལ་གཅིག་སྡུད་རྒྱབ་སྐྱོར་བྱེད་དགོས་པ། ཉུང་འཕྲི་བྱེད་དགོས་རིགས་ལ་ཉུང་འཕྲི་གང་ཐུབ་བྱེད་པའི་རྩ་དོན་གཞིར་བཟུང་། ནུབ་རྒྱུད་ས་ཁུལ་གྱི་ཐག་རིང་ངམ་ཡང་ན་ས་བབ་མཐོ་བ་དང་། རང་བྱུང་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བལྟོས་བཅས་རྗེས་ལུས་བཅས་ཀྱི་དབུལ་སྒྲོལ་རྫོང་གི་གྲས་ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ཁག་གཅིག་གཏན་འཁེལ་བྱས་ཏེ། ནོར་སྲིད་དང་། དངུལ་རྩ། ས་ཞིང་། ཤེས་ལྡན་མི་སྣ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་སོགས་ཐད་གཅིག་སྡུད་རྒྱབ་སྐྱོར་བྱས་ནས་དེའི་ས་ཁོངས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

    (བཅུ་དྲུག) དབུས་རྒྱུད་དང་ནུབ་རྒྱུད་མཉམ་སྒྲུབ་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་སྟོབས་ཤུགས་ཞུགས་པ་བཅས་ཀྱི་རོགས་སྐྱོར་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། དབུས་ནུབ་རྒྱུད་ཀྱི་མཉམ་སྒྲུབ་ལམ་སྲོལ་མུ་མཐུད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ད་ཡོད་ཀྱི་ཆ་སྒྲིག་འབྲེལ་བ་སྤྱིར་ན་བརྟན་པ་དང་ད་ཡོད་ཀྱི་དཔལ་འབྱོར་འབྲེལ་བ་རྒྱུན་འཁྱོངས་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་ལེགས་སྒྲིག་བྱས་ནས། ད་ཆ་ལག་ལེན་བསྟར་བའི་གཅིག་གིས་མང་པོ་དང་མང་པོས་གཅིག་ལ་རོགས་སྐྱོར་བྱེད་སྟངས་དེ། རྩ་དོན་ཐོག་ནས་ཤར་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཞིག་གིས་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཞིག་ལ་རོགས་སྐྱོར་བྱེད་པའི་ཡུན་རིང་གཏན་འཇགས་ཀྱི་ཆ་སྒྲིག་རོགས་སྐྱོར་འབྲེལ་བར་ལེགས་སྒྲིག་བྱེད་དགོས།

    བདུན། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པའི་སྐོར།

    (བཅུ་བདུན) ནོར་སྲིད་མ་འཇོག་སྲིད་ཇུས་དང་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། བར་བརྒལ་དུས་སུ་ནོར་སྲིད་རྒྱབ་སྐྱོར་སྲིད་ཇུས་སྤྱིར་ན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་འོག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པའི་དགོས་མཁོ་དང་ནོར་ཤུགས་གནས་ཚུལ་ལ་གཞིགས་ནས་ནོར་སྲིད་མ་འཇོག་བྱེད་ཁྱོན་ལུགས་མཐུན་བཀོད་སྒྲིག་དང་། གཏོང་སྒོའི་གྲུབ་ཆ་ལེགས་གཏོང་དང་རྒྱབ་སྐྱོར་གྱི་གཙོ་གནད་ལེགས་སྒྲིག་བྱེད་དགོས།

    (བཅོ་བརྒྱད) དངུལ་རྩའི་ཞབས་ཞུའི་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། དངུལ་བུན་བསྐྱར་གཏོང་གི་ནུས་པ་མུ་མཐུད་བཏོན་ནས་ད་ཡོད་ཀྱི་དངུལ་བུན་བསྐྱར་གཏོང་གི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་རིང་འགྱུར་ལྡོག་གཏོང་མི་རུང་། དབུལ་སྒྲོལ་མི་འབོར་ལ་དམིགས་པའི་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་བུན་གཡར་བའི་དགོས་མཁོ་ཅུང་ཆེ་བ་དང་དངུལ་བུན་གཡར་བའི་ཆ་རྐྱེན་འཛོམས་མཁན་ལ་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱ་རྒྱུར་ལྕག་སྐུལ་བྱེད་དགོས།

    (བཅུ་དགུ) ས་ཞིང་གི་རྒྱབ་སྐྱོར་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་མཐའ་འཁྱོངས་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་བཟུང་བར་ཚོད་འཛིན་ནན་པོ་བྱས་ཏེ་མུའུ་དུང་ཕྱུར་18ཟིན་པའི་རྨོ་ཞིང་དམར་ཐིག་མཐའ་གཅིག་ཏུ་སྲུང་དགོས།

    (ཉི་ཤུ) ཤེས་ལྡན་མི་སྣའི་རིག་ནུས་རྒྱབ་སྐྱོར་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གི་ཤེས་ལྡན་མི་སྣའི་རིག་ནུས་རྒྱབ་སྐྱོར་སྲིད་ཇུས་ཁག་མུ་མཐུད་ལག་ལེན་བསྟར་ཏེ། རིགས་ཁག་གི་ཤེས་ལྡན་མི་སྣས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་དགེ་རྒན་གྱི་དམིགས་བསལ་ལས་གནས་ཀྱི་འཆར་གཞི་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི། དགེ་རྒན་རྒན་གྲས་ཀྱི་སློབ་ཁྲིད་འཆར་གཞི། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྲིད་ཇུས་བཅས་མུ་མཐུད་ལག་བསྟར་བྱས་ནས་སྔོན་དུ་དབུལ་སྒྲོལ་ས་ཁུལ་གྱི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དགོས་མཁོ་སྐོང་དགོས། མཐོ་སློབ་སློབ་ཐོན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས་གཙོ་གནད་མཐོ་སློབ་ཀྱི་གནས་གཏན་འཁེལ་གྱི་སློབ་བསྡུའི་ཆེད་དོན་འཆར་གཞི་མུ་མཐུད་ལག་བསྟར་བྱེད་དགོས། མཁོ་ཆོད་སྨན་པའི་དམིགས་བསལ་ལས་གནས་དང་གྲོང་གསེབ་ཀྱི་མངགས་ཐོ་རྣམ་པའི་གནས་གཏན་འཁེལ་གྱི་གསོ་རིག་སློབ་མར་སློབ་ཡོན་མི་དགོས་པར་གསོ་སྦྱོང་བྱེད་པའི་འཆར་གཞི་སྔོན་དུ་དབུས་ནུབ་རྒྱུད་ཀྱི་ས་ཁུལ་ལ་ཕྱོགས་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་མི་སྣར“རྫོང་གིས་དོ་དམ་དང་ཤང་གིས་སྤྱོད་པ་དང་། གྲོང་ཚོར་གཞི་ཚུགས་པའི”ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད་དགོས། དབུལ་སྒྲོལ་དུད་ཚང་གི“གཉིས་ལུས་སློབ་མའི”ལས་རིགས་སློབ་གསོ་དང་ལེན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་དེ་མཚུངས་ཀྱི་རོགས་དངུལ་སྤྲོད་དགོས། ཕྱོགས་ཁག་གི་ཤེས་ལྡན་མི་སྣ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་གཞི་རིམ་དུ་བསྐྱོད་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་དགོས།

    བརྒྱད། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་སྐོར།

    (ཉེར་གཅིག) འགོ་ཁྲིད་སྒྲིག་སྲོལ་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་འགན་ཆ་ཚང་འཁུར་བ། གྲོང་ཁྱེར་དང་། རྫོང་། ཤང་བཅས་གསུམ་གྱིས་དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་འགན་ཁ་གསལ་དང་། རང་འགན་རང་འཁུར། ལག་བསྟར་ནུས་ལྡན་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འགོ་ཁྲིད་སྒྲིག་སྲོལ་བཙུགས་ཏེ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་དགོས།

    (ཉེར་གཉིས) ལས་དོན་མ་ལག་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱུང་རྗེས་དུས་ཐོག་ཏུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཡག་པོ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་ཀའི་སྟོབས་ཤུགས་དང་། རྩ་འཛུགས་ཀྱི་འགན་ལེན། འཆར་གཞི་ལག་བསྟར། རྣམ་གྲངས་འཛུགས་སྐྲུན། རྒྱུ་རྐྱེན་འགན་ལེན་སོགས་ཟུང་འབྲེལ་ནུས་ལྡན་ཐུབ་པ་བྱས་ནས། བསམ་ཇུས་གཅིག་དང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པ་ཡག་པོ་འདེམས་པ་དང་། ཡག་པོ་སྤྱོད་པ། དོ་དམ་ཡག་པོ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་ལྕི་བའི་གྲོང་ཚོར་མུ་མཐུད་གྲོང་སྡོད་ཀྱི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་མངགས་ནས་རྒྱུན་རྣམ་ཅན་གྱི་གྲོང་སྡོད་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    (ཉེར་གསུམ) འཆར་གཞི་ལག་བསྟར་དང་རྣམ་གྲངས་འཛུགས་སྐྲུན་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པའི་བྱེད་ཐབས་གལ་ཆེན“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་འཇུག་དགོས། དབུལ་སྒྲོལ་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན“ལོ་ལྔ་ཚན་བཅུ་བཞི་པའི”འབྲེལ་ཡོད་འཆར་འགོད་ནང་འཇུག་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས།

    (ཉེར་བཞི) ཞིབ་དཔྱད་ལམ་སྲོལ་འབྲེལ་མཐུད་ཡག་པོ་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱུང་རྗེས། དབུལ་སྒྲོལ་ས་ཁུལ་དུ་གྲོང་གསེབ་དར་རྒྱས་ལ་ཞིབ་དཔྱད་བྱེད་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་རྗེས་དངོས་ལ་ཞིབ་དཔྱད་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་དང་འབྲེལ་མཐུད་ཡག་པོ་བྱས་ནས་ཞིབ་དཔྱད་དམིགས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། ཞིབ་དཔྱད་ཀྱི་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་དཔྱད་གྲུབ་འབྲས་དེ་ལས་བྱེད་པ་འདེམས་བསྐོ་དང་། སྔོན་ཐོན་དཔྱད་འདེམས། བྱ་དགའ་སྤྲོད་པ། འགན་འཁྲི་རྩད་གཅོད་དང་བདའ་འདེད་བཅས་ཀྱི་གཞི་འཛིན་ས་གཙོ་བོར་བརྩི་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་རྗེས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་བབ་བསྟུན་འཕྲལ་སྒྲུབ་དང་དཀའ་སྤྱད་འབད་བརྩོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།