དབུ་ཤོག>ཞིང་འབྲོག་གསར་པ།
  • དཔྱིད་དཔལ་ཕྱོགས་སུ་སྐྱོད་པའི་ངང་ཚུལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-17

    269089_yis_1615910400000_s.jpg

    འདི་ནི་ལུ་གུ་པང་དུ་འཁྱེར་བའི་རྫི་བོ་བཀྲ་ཤིས་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ལུག་2000ལྷག་ཙམ་འཁྱགས་པས་བསྡམས་པའི་མཚོ་སྟེང་དུ་དར་དཀར་གྱི་ཐག་པ་རིང་པོ་ཞིག་དང་འདྲ་བར་དལ་བུར་མདུན་དུ་འགྲོ་བཞིན་མཆིས།

    རྫི་བོ་གཉིས་ཀྱིས་གཞོགས་གཉིས་སུ་ལུག་ཁྱུ་འདེད་བཞིན་ཡོད་ཅིང་། སེམས་པ་བདེ་ཐབས་བྲལ་ནའང་མིག་ལ་རེ་བས་ཁེངས་འདུག

    ལོ་ངོ་སྟོང་ཕྲག་རིང་བར་མ་ཆད་པའི་སྲོལ་རྒྱུན་འདི་ནི་ཕ་ཚ་བུ་རྒྱུད་དུ་འབྲོག་ལས་འཚོ་རྟེན་དུ་བྱས་པའི་འཐུས་གྲོང་ཚོའི་ཡུལ་མི་རྣམས་དཔྱིད་དཔལ་གྱི་ཕྱོགས་སུ་སྐྱོད་འགོ་ཚུགས་པའི་ངང་ཚུལ་རེད།

    འཐུས་གྲོང་ཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཆགས་པ་དང་ས་བབ་སྨི་5070ཟིན་པས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོའི་གྲས་ཤིག་རེད།

    ས་བབ་མཐོ་བའི་རྐྱེན་གྱིས་དབྱར་གྱི་དུས་ཡུན་ཐུང་བས་འཐུས་གྲོང་ཚོའི་རྩྭ་སས་དགུན་དུས་ལུག་ཁྱུར་གཟན་རྩྭ་འདང་གི་མེད། ཡིན་ནའང་ལྷ་མོའི་མིག་ཆུ་ཞེས་སུ་གྲགས་པའི་ཕུ་མ་གཡུ་མཚོའི་དཀྱིལ་དུ་གླིང་ཕྲན་ཞིག་ཡོད་ཅིང་། དེ་ནི་ཞིང་ཁམས་གཞན་ཞིག་དང་འདྲ་བར་རྩྭ་ཆུ་ཕུན་སུམ་ཚོགས་པོ་ཡོད།

    ལོ་རེ་བཞིན་ས་མཐོའི་ཆེས་གྲང་ངར་ཆེ་བའི་དུས་སུ་ཕུ་མ་གཡུ་མཚོར་དར་ཁ་འགྲིག་གི་ཡོད།

    སྐབས་དེར་འཐུས་གྲོང་ཚོའི་རྫི་བོ་རྣམས་ཀྱིས་ལུག་ཁྱུ་གླིང་ཕྲན་དུ་དེད་ནས་གྲང་ཟུག་ཆེ་བའི་དགུན་ཁ་སྒྲོལ་ཐབས་བྱེད་ཀྱི་ཡོད། དཔྱིད་དཔལ་སླེབས་ལ་ཉེ་བ་དང་འཁྱག་པ་མ་བཞུར་གོང་བཀྲ་ཤིས་དུས་བཟང་ཞིག་བདམས་ནས་སླར་ཡང་ལུག་ཁྱུ་བསུས་ཏེ་དཔྱིད་ཀ་འཆར་བར་ངང་སྒུག་བྱེད་ཀྱི་ཡོད།

    ལུག་ཁྱུ་བསུ་བ་ནི་གྲོང་ཚོའི་དོན་དག་ཆེན་པོ་ཞིག་རེད།

    ཟླ་3ཚེས་6ཉིན་ནམ་ལངས་མེད་པ་དང་། ཟོར་བའི་དབྱིབས་དང་འདྲ་བའི་ཟླ་བ་ད་དུང་བར་སྣང་དུ་འཚེར། ཕུ་མ་གཡུ་མཚོའི་ཞལ་རས་གསལ་ལ་མི་གསལ་ཞིག་མཐོང་ཐུབ།

    གྲོང་མི་སྒྲོལ་མ་སྔ་པོ་ནས་ཡར་ལངས་ཏེ་སྤགས་བཟས་རྗེས་ཡུལ་མི་ཚོ་དང་མཉམ་དུ་མཚོ་འགྲམ་དུ་བསྐྱོད།

    ཁོ་ཚོས་མཚོ་ངོས་སུ་ལུག་ཁྱུ་བདེ་བླག་ངང་འགྲོ་ཐུབ་ཆེད་གོ་ཐལ་གཏོར་ནས་བགྲོད་ལམ་ཡག་པོ་ཞིག་བཟོ་དགོས་པ་ནི་ཅིས་ཀྱང་སྒྲུབ་དགོས་པའི་བྱ་བ་གལ་ཆེན་པོ་ཞིག་རེད།

    སྤྱི་ལེ་3ཙམ་ཟིན་པའི་གོ་ཐལ་ལམ་བུ་དེ་མཚོ་འགྲམ་ནས་མཚོ་དཀྱིལ་གླིང་ཕྲན་བར་བཤོས་ཡོད་པ་དང་། སྒྲོལ་མ་དང་གྲོང་ཚོའི་བུད་མེད་རྣམས་ཀྱིས་བྱང་ཆ་དོད་པའི་ངང་ལས་ཀ་དེ་བསྒྲུབས།

    “གོ་ཐལ་འཇམ་པའི་རྐྱེན་གྱིས་ལུག་ཁྱུ་འདྲེད་འདར་ཤོར་གྱི་མ་རེད”ཅེས་སྒྲོལ་མས་བཤད།

    གྲོང་ཚོའི་བགྲེས་སོང་ཚོས་ལོ་མང་པོའི་རིང་གི་ཉམས་མྱོང་ལ་བརྟེན་ནས་འཁྱག་རོམ་ལ་ལྟ་ཞིབ་ཡང་ཡང་བྱས་མཐར་འཁྱག་རོམ་མཐུག་ཤོས་ཀྱི་ངོས་སུ་བུད་མེད་ཚོར་གོ་ཐལ་གཏོར་དུ་འཇུག་གི་ཡོད།

    ནམ་ལངས་མ་ཐག་མཚོ་དཀྱིལ་གླིང་ཕྲན་གྱི་ལུག་ཁྱུས་དཔྱིད་ཀའི་འགྲུལ་བཞུད་བྱེད་འགོ་ཚུགས། དེ་ལས་མཚོ་དཀྱིལ་གླིང་ཕྲན་དུ་ཞིམ་མངར་རྩྭ་ཆུར་རོལ་བའི་ལུག་ཁྱུའི་ཟླ་བ་གཅིག་རིང་གི་དུས་ཚོད་ཀྱང་མཇུག་འགྲིལ་བ་མཚོན་གྱི་ཡོད།

    “འཐུས་གྲོང་ཚོའི་གྲོང་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་འཚོ་ཡི་ཡོད་པས་ཕུ་མ་གཡུ་མཚོ་དང་ལུག་ཁྱུ་ནི་ཁོ་ཚོའི་བཟའ་བཏུང་ལོངས་སྤྱོད་ཀྱི་གཞི་རྟེན་ཉག་གཅིག་རེད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་པད་མ་སྒྲོལ་དཀར་གྱིས་བཤད།

    རྫི་བོ་བཀྲ་ཤིས་ཀྱིས་ལུག་ཁྱུའི་སྣེ་ཁྲིད་ནས་མཚོ་འགྲམ་དུ་ཡོང་པ་དང་། ལུ་གུ་ཞིག་པང་དུ་བཏབ་ནས་འཁྱག་རོམ་ངོས་སུ་བསྐྱོད་མ་ཐག་ལུག་ཁྱུ་རིམ་བཞིན་རྗེས་སུ་འབྲངས།

    སྨི་500ཙམ་ཟིན་པའི་ལུག་ཁྱུའི་གྲལ་སྟར་ནི་གཡུ་འབྲུག་སྔོན་མོ་འཁྱུག་པ་དང་འདྲ་བར་རྩྭ་ཆུ་ཕུན་སུམ་ཚོགས་ལ་སྐྱིད་པའི་གླིང་ཕྲན་དེ་དང་ཁ་གྱེས་འགོ་ཚུགས།

    ལུག་ཁྱུ་ལམ་ཕྱེད་ཙམ་ལ་སླེབས་སྐབས། ཞོགས་པའི་ཉི་ཟེར་ཕྱོགས་བཞིར་འཕྲོས་ཏེ་ཕུ་མ་གཡུ་མཚོའི་འཁྲིས་ཀྱི་གངས་རིར་སེར་ལམ་ལམ་གྱི་འོད་སྣང་ཕོག་པ་དང་། མཛེས་ལ་ཉམས་དགའ་བའི་ཡུལ་ལྗོངས་ནི་ལྷ་ཡུལ་གྱི་བཀོད་པ་གནས་འདིར་འཕོས་པ་དང་མཚུངས།

    འོན་ཀྱང་ལུག་ཁྱུ་སྐྱས་སྤོ་བར་མཚོན་ན་ཉི་མ་ཤར་བ་ནི་ཉེན་བརྡ་ཞིག་དང་འདྲ་བས་མགྱོགས་མྱུར་སྐྱོད་དགོས་ཀྱི་ཡོད།

    2018ལོར་གནའ་བོའི་གྲོང་ཚོ་དེའི་དབུལ་ཞྭ་ཕུད་པ་རེད། ན་ནིང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16598ཟིན་པ་དང་། གྲོང་མི་ཚང་མ་ཡང་བོད་བཟོའི་སྡོད་ཁང་གསར་པར་སྤོས་པ་རེད།

    ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་མཐར་ལུག་རྣམས་སྔ་རྗེས་སུ་སྐམ་སར་ཐོན་པ་རེད། མཇུག་མཐའི་ལུག་གཅིག་པོའང་བདེ་འཇགས་ངང་འཁྱག་པའི་ངོས་ནས་དོན་པ་ན་དཔུང་ཁག་རིང་པོ་དེའང་དགུན་ཁ་ལས་བསྒྲལ་ཏེ་དཔྱིད་ཀའི་ཕྱོགས་སུ་བསྐྱོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།