དབུ་ཤོག>ཞིང་འབྲོག་གསར་པ།
  • མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ལིན་དང་ཞུས་ཡུས་ཡའོ།   |     སྤེལ་དུས།  2021-03-16

    “ང་ཐོན་པ་གྲོང་ཚོ་ནས་བྲལ་འདོད་རྩ་བ་ནས་མི་འདུག”ཅེས་ལོ་35ལ་སླེབས་པའི་བདེ་སྐྱིད་དབང་མོས་བརྗོད་པ་དང་། ཁོ་མོ་ཆུང་དུས་ནས་གྲོང་ཁྱེར་ནང་འགྲོ་འདོད་ཆེན་པོ་བྱེད་པ་དང་ནར་སོན་རྗེས་རྟག་ཏུ་གཞན་ཡུལ་དུ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། འོན་ཀྱང་ལོ་ཤས་གོང་། ཁོ་མོ་ཕ་ཡུལ་དུ་ལོག་རྗེས་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་རྒྱུ་བྱུང་བས་ཕ་ཡུལ་ནས་གཏན་ནས་ཁ་བྲལ་མེད།

    བདེ་སྐྱིད་དབང་མོས་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་སེམས་འཕྲེང་ཆེན་པོ་བྱེད་ཀྱི་ཡོད། ཐོན་པ་གྲོང་ཚོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་གནས་པ་དང་། དེ་གར་སྔོ་ཞིང་དྭངས་བའི་ཡར་ཀླུང་གཙང་པོའི་མཛེས་ལྗོངས་མྱོང་རོལ་བྱས་ཆོག་ལ། ཁ་བས་བཀླུབས་པའི་གནམ་ལྕགས་འབར་བར་ཡང་རྒྱང་ལྟ་བྱས་ཆོག དེ་གའི་ས་བབ་བལྟོས་བཅས་ཀྱིས་དམའ་བ་དང་། རི་ཀླུང་མཛེས་པ་མ་ཟད། ནགས་ཚལ་སྟུག་པོ་ཡོད་རྐྱེན་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད།

    2016ལོར་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་རྒྱབ་སྐྱོར་འོག་བདེ་སྐྱིད་དབང་མོས་འགོ་ཁྲིད་དེ་ཞིང་པའི་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་དང་། གྲོང་མིས་མ་རྐང་ནང་ཞུགས་ཡོད། 2019ལོའི་ཟླ་7པར་ཁྱིམ་ཚང་མགྲོན་ཁང་བསྐྲུན་ནས་ལས་གཉེར་བྱས་པས་ལོ་དེ་ཁོ་ནར་ཡོང་འབབ་སྒོར་ཁྲི་186བྱུང་ཡོད། 2020ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་མོད། འོན་ཀྱང་ཁྱིམ་ཚང་མགྲོན་ཁང་ལ་སྔར་བཞིན་ཁེ་གཙང་ཡོང་འབབ་སྒོར་ཁྲི་130བྱུང་ཡོད།

    ཉིང་ཁྲིར་ཐོན་པ་གྲོང་ཚོའི་ཕྱུག་འགྱུར་གཏམ་རྒྱུད་ནི་མཚོན་བྱེད་ཙམ་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཉིང་ཁྲིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་སྐྲུན་པའི་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཁབ་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3200ལྷག་ཙམ་ཟིན་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་240ལྷག་ཙམ་ཟིན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས་ལྡབ་2.3དང་ལྡབ་2.5སོ་སོར་འཕར་ཡོད། དེ་གའི་སྔོ་ཞིང་དྭངས་བའི་རི་ཆུ་ཉིང་ཁྲིའི་མང་ཚོགས་ཀྱི་གསེར་རི་དངུལ་རི་ལྟ་བུར་གྱུར་ཡོད།

    དེ་སྔ་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་ནི་ནགས་ར་ཞིག་ཡིན་པ་དང་། དུས་རབས་གོང་མའི་དུས་མཇུག་ཏུ་བོད་དུ་ཤིང་གཅོད་མི་ཆོག་པ་བཟོས་རྗེས། ཀླུ་ནང་གྲོང་རྡལ་གྱིས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ལེགས་སུ་བཏང་སྟེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་འགོ་ཚུགས། 2017ལོར་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།

    ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་དེ་ཡུལ་སྐོར་བས་ངེས་པར་དུ་སྐྱོད་དགོས་པའི་ས་ཆ་ཞིག་ཏུ་གྱུར་པ་དང་། ཁང་པའི་ནང་ས་གནས་ཁག་གི་ཡུལ་སྐོར་བ་ཚོའི་དྲན་རྟེན་དར་ཆ་བཞག་ཡོད་པ་མ་ཟད། ད་དུང་སྒྲོག་ཙེའི་སྟེང་གི་ཤེལ་སྒོའི་འོག་ཏུ་ཡང་མིང་བྱང་མང་པོ་བཞག་ཡོད། “ད་ཆ་ཀླུ་ནང་དེ་གང་སར་སྐད་གྲགས་ཆོད་པས་ཡུལ་སྐོར་བ་མང་པོ་ཡོང་གི་འདུག”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བརྗོད་པ་དང་། གྲོང་རྡལ་ནང་ད་དུང་སྐར་མ་རིམ་པའི་གསོལ་མགྲོན་ཁང་མང་པོ་བཙུགས་ཡོད་པས་ཡུལ་སྐོར་བའི་རིམ་པ་མང་བའི་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱི་ཡོད།

    སྤོ་བོ་རྫོང་གཡུ་ཕུག་ཤང་གནས་སྡོད་གྲོང་ཚོར་2020ལོར་མ་དངུལ་སྒོར་ཁྲི་150བཏང་ནས་སྲོལ་རྒྱུན་གྱི་སྐྲུན་དངོས་ཁག་གཅིག་ཉམས་གསོ་བྱས་ཡོད། ལོ་དེའི་ཟླ་6པར་གྲོང་ཚོ་ཧྲིལ་པོའི་དུད་ཚང་53གྱི་མི་163གྱིས་མཉམ་དུ་མ་དངུལ་བཏང་སྟེ་སྤོ་བོ་རྫོང་མེ་ཁྲོན་ཡུལ་སྐོར་རིག་གནས་ཀུང་སི་བཙུགས་ཡོད། ད་དུང་གནས་སྡོད་གྲོང་ཚོས་གྲོང་ཚོའི་རྟ་250བསྐོངས་ནས་རྟ་བཞོན་ཉམས་ལེན་ཁུལ་བཙུགས། དབུལ་སྒྲོལ་དུད་ཚང་བཀྲ་ཤིས་ཚེ་དབང་གིས། “རྟ་བཞོན་ནས་ལྟ་སྐོར་བྱས་ཚེ། གཅིག་ནས་འཁྱགས་རོམ་གྱི་ཁོར་ཡུག་སྲུང་སྐྱོང་ཐུབ་པ་དང་ཡུལ་སྐོར་བར་མི་རིགས་ཀྱི་ཡུལ་སྲོལ་ཉམས་ལེན་ཐུབ་པ་མ་ཟད། ད་དུང་གྲོང་མི་ཚོར་ཡང་ཡོང་འབབ་ཡོང་ཐུབ”ཅེས་བརྗོད། འཁྱགས་རོམ་ཡུལ་སྐོར་ལས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཤུགས་ཆེན་ཐུབ་ཡོད།

    ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་པ་ལིའུ་ཀོང་མིང་གིས། “མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས། ཉིང་ཁྲིས་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། རིག་ལྡན་གསོལ་མགྲོན་ཁང་དང་རིག་ལྡན་ཁྱིམ་ཚང་མགྲོན་ཁང་སོགས་ཀྱི་ཡུལ་སྐོར་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ཐོན་ལས་ལེགས་འགྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།