ལས་ལ་བརྩོན་ན་དཔྱིད་ཀ་འཆར་བ་སྔ་ཞེས་པ་ལྟར། མིག་སྔ་ནི་དཔྱིད་རྨོད་ཀྱི་དུས་ཚིགས་བཟང་པོ་ཞིག་རེད། ས་ཞིང་འབོལ་བ་དང་། རྨོན་པ་རྒྱག་པ། སོན་བཤོ་བ། ཡལ་གཅོད་རྒྱག་པ་སོགས་ཀོང་པོའི་ཡུལ་གྱི་ཡངས་པའི་ཞིང་ས་གཤིན་པོའི་ཐོག་ཞིང་པ་ཚོས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ལྟ་ན་སྡུག་པའི་དཔྱིད་རྨོད་ཀྱི་རི་མོ་ཞིག་རྩོམ་བཞིན་ཡོད།
ཞིང་པ་ཚོས་གཅིག་མཇུག་གཉིས་མཐུད་ངང་ལོ་གཅིག་གི་རེ་བའི་ས་བོན་ཞིང་ས་གཤིན་པོའི་ཐོག་ཏུ་བཏབ་ཡོད། ཉིན་ཤས་གོང་། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཆ་ཁག་གི་ཞིང་ནང་། མུ་ཁར་བསྐྱོད་སྐབས་གྲོང་གསེབ་ཁག་ནས་དཔྱིད་རྨོད་ཀྱི་ལས་ལ་བྲེལ་བའི་རྣམ་པ་ཟབ་མོ་ཞིག་ཚོར་བྱུང་། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཤག་གཉིས་གྲོང་ཚོའི་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞིའི་ནང་ཀྲེང་ཐན་ཁྲེང་དང་ཞིང་དུད་མི་ཉུང་བ་ཞིག་གིས་སོ་ནམ་དུས་ཚོད་དམ་འཛིན་བྱས་ཏེ་ཞོགས་སྔ་པོ་ནས་རྟེན་གཞིར་ཡོང་སྟེ་སྤྲེལ་ཁམ་སྡོང་པོར་གཡོག་བྱེད་བྱེད་བཞིན་འདུག
“རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རྟག་ཏུ་མི་སྣ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱེད་པ་མ་ཟད། ད་དུང་རིགས་གཅིག་མཁས་ཅན་གདན་དྲངས་ནས་ང་ཚོར་འདེབས་འཛུགས་བྱེད་སྟངས་སློབ་ཀྱི་ཡོད”ཅེས་ཀྲེང་ཐན་ཁྲེང་གིས་དགའ་ཚོར་ཆེན་པོས་བརྗོད།
ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ངོ་སྤྲོད་བྱས་དོན། སོ་ནམ་དུས་ཚིགས་ཀྱི་བླང་བྱར་གཞིགས་ནས་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་སྡེ་ཚན་གྱིས་ཞིང་ལས་འཕྲུལ་ཆས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། དཔྱིད་རྨོད་དཔྱིད་འདེབས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བཞིན་ཡོད། དེ་དང་ཆབས་ཅིག་ལག་རྩལ་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་དཔྱིད་རྨོད་ཐོན་སྐྱེད་བྱེད་རིང་སོན་བཟང་དང་ཐབས་བཟང་། དེ་བཞིན་མཁོ་ཆེ་བའི་ཚན་རྩལ་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད།
སྣང་རྫོང་གྲོང་མདའ་གྲོང་རྡལ་དུ་གྲོང་རྡལ་སྲིད་གཞུང་གིས་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་མཉམ་དུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་དགོས་མཁོ་དངོས་ཁོང་དུ་ཆུད་པར་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་མཁོ་ཆེ་བའི་ས་བོན་དང་། རྫས་ལུད། ཞིང་སྨན་སོགས་དངོས་ཟོག་མཐུན་སྦྱོར་ཧུར་ཐག་བྱས་ཡོད། ད་བར་གྲོང་མདའ་གྲོང་རྡལ་གྱིས་སྣང་རྫོང་ཞིང་འཕྲུལ་ཀུང་སི་ནས་རྫས་ལུད་ཏུན་37དང་། སུར་པན་འདེབས་འཛུགས་ལ་མཁོ་བའི་འགྱིག་ཁེབས་གྲིལ་ཁ་120 སུར་པན་གྱི་ལྗང་པ་འདེབས་ས་དྲོད་ཁང་12 པད་ཁའི་སོན་རྒྱ་མ་2100 སྲན་མའི་སོན་རྒྱ་མ་1260བཅས་མངགས་ཉོ་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་ཐོན་སྐྱེད་ཀྱི་དགོས་མཁོ་ཏན་ཏིག་བསྐངས་ཡོད།
“གྲོང་ཚོས་བཀོད་སྒྲིག་བྱས་པའི་ལག་རྩལ་མཛུབ་ཁྲིད་དེ་དུས་ཐོག་ཆར་པ་རང་རེད། དེས་ང་ཚོའི་གནད་དོན་མི་ཉུང་བ་ཞིག་ཐག་གཅོད་ཐུབ་སོང”ཞེས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དམག་སྡེ་གྲོང་ཚོའི་གྲོང་མི་པ་སངས་ཀྱིས་བཤད་པ་དང་། ཁོང་གིས་ཤིས་ཀྭ་འདེབས་འཛུགས་གསོ་སྦྱོང་ནང་ཞུགས་རྗེས་ལག་རྩལ་དེ་དག་སྔ་ཙམ་ཤེས་ནས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་གཏོང་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།