2019ལོའི་ལོ་མཇུག་ཏུ་ཆབ་མདོ་གྲོང་ཁྱེར་གྱིས་དུས་བཀག་ལྟར་གྲོང་ཁྱེར་ཡོངས་ཀྱི་དུད་ཚང་ཁྲི་3.84ཡི་མི་ཁྲི་19.46དབུལ་སྒྲོལ་བྱས་པ་དང་རྫོང(ཆུས)11ཚང་མ་དབུལ་སྒྲོལ་ཞྭ་འབུད་བྱས་ཡོད།
2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་ཞིང་། འདས་ཟིན་པའི་ལོ་གཅིག་ནང“མཚམས་འཇོག་མི་བྱེད་པ་བཞི”ཡི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས“དགུ་བདུན་བདུན”དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་དང་སྲ་བརྟན་མཐོར་འདེགས་བྱས་ཡོད།
དཀའ་གནད་དང་གཙོ་གནད་ལ་དམིགས་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་པ།
ཆབ་མདོ་གྲོང་ཁྱེར་མགུ་པོ་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་བོད་སྲོལ་ཚོན་བག་ཚེ་རིང་ཆོས་འཕེལ་ལ་ད་ཆ་ཟླ་རེར་གླ་ཆ་སྒོར་7800ལེན་རྒྱུ་ཡོད། ཁོང་གིས“གསོ་སྦྱོང་ནང་ཞུགས་རྗེས་རྩལ་ནུས་ཤེས་པ་མ་ཟད། ད་དུང་ཡོང་འབབ་ཀྱང་ལྡབ་ཁ་ཤས་འཕར་སོང”ཞེས་བཤད།
ཚེ་རིང་ཆོས་འཕེལ་དང་འདྲ་བར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་5.58ཀྱིས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་དང་། དེའི་ཁྲོད་ནས་མི་ཐེངས་ཁྲི་3.45ལས་ཞུགས་གཞན་སྒྱུར་ཐུབ་སྟེ་སྔར་ལས་སྐྱིད་སྣང་དོད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
དེ་ནི་ཆབ་མདོ་གྲོང་ཁྱེར་གྱི“ཁག་གཅིག་རེ་ལྔ”ཡི་དབུལ་སྐྱོར་བྱ་ཐབས་ཀྱི་ཆ་ཤས་ཆུང་གྲས་ཞིག་རེད། གྲོང་ཁྱེར་ཡོངས་ཀྱིས“གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེ་གྲས་བདུན”གྱི་ཐོན་ལས་བཀོད་པར་དམིགས་ཏེ།ཞིང་འབྲོག་ཁྱད་ལྡན་ཐོན་རྫས་དང་ཡུལ་ཟོག་ཐོན་ལས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་བཏང་ནས་དེའི་ཉེ་འཁོར་གྱི་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་ཁྱེར་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་851ལག་ལེན་བསྟར་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་10.4ལ་སྐུལ་ཁྲིད་བྱས་པ་དང་མི་གྲངས་23279ལས་ཀར་བཅུག་ཡོད།
གཞན་ཡང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་268བསྐྲུན་པར་མང་ཚོགས་དབུལ་པོ་ཁྲི་9.9གནས་སྤོས་བྱས་པ་དང་། སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་སྒོར་དུང་ཕྱུར་30.86སྤྲད་པར་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3500རག་པ། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་10.67དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་མ་དངུལ་སྒོར་དུང་ཕྱུར་2.4 སྤྱིར་བཏང་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་2.01སོགས་དོན་འཁྱོལ་བྱས་ཡོད།
དམིགས་ཚད་ཀྱི་སྟོན་ཕྱོཌ་མཐའ་འཁྱོངས་བྱས་ནས“འགན་སྲུང་གསུམ”སྲ་བརྟན་དང་རིམ་སྤོར་བྱས་པ།
2020ལོ་བར་ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་སློབ་མ་153790ཡོད་པ་དེ་2015ལོ་ལས་སློབ་མ་45376མང་དུ་ཕྱིན་ཡོད། དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་ཁ་བྲལ་ཐབས་མེད།
སློབ་ལོ་ལོན་པའི་བྱིས་པ་དང་ན་ཆུང་ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱས་པས་སློབ་མ་སློབ་གྲྭར་འབྱོར་ཚུལ་ཁོང་དུ་ཞིབ་ཕྲ་ཆུད་དེ་2020ལོ་ཁོ་ནར“འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་ཁྲི་53857.39དང་འཚོ་བཅུད་ལེགས་གཏོང་འཆར་གཞིའི་གྲོན་དངུལ་སྒོར་ཁྲི་8251.12སྤྲད་པ་དང་། རང་སྐྱོང་ལྗོངས་ཀྱི་རོགས་སྐྱོབ་དངུལ་སྒོར་ཁྲི་1181.5སྤྲད་པ། གྲོང་ཁྱེར་རིམ་པས་ལྗོངས་ཕྱིའི་མཐོ་སློབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བ་ཁྲི་534.4ལ་ཁ་གསབ་སྤྲད་ཡོད།
སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ངག་ཤེས་ཀྱིས་ལོ་ལྔ་ཡི་གོང་རང་ཁྱིམ་གྱི་ཁང་པའི་ཆ་རྐྱེན་ལེགས་སུ་སོང་བ་གཏན་ནས་བརྗེད་མེད། ལོ་མང་རིང་སྡོད་ཁང་ཉེན་ཁ་ཆེ་ཞིང་གུ་དོག་ཀྱང་འཚོ་བར་དཀའ་ངལ་ཡོད་པའི་དབང་གིས་ཉམས་གསོ་བྱེད་ཐབས་བྲལ། དེ་རྗེས་ཉེན་ཁང་སྒྱུར་བཀོད་རྣམ་གྲངས་ལས་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། ཆབ་མདོས་སྡོད་ཁང་བདེ་འཇགས་འགན་སྲུང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་4.93བཏང་ནས་གྲོང་གསེབ་ཀྱི་ཉེན་ཁང་16805སྒྱུར་བཀོད་ལེགས་གྲུབ་བྱུང་སྟེ་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཚང་མ་ཉེན་ཁང་ནས་གནས་སྤོ་ཐུབ་ཡོད།
གཞན་ཡང་། ཆབ་མདོས་ད་དུང་སྨན་བཅོས་འགན་སྲུང་ལས་དོན་ལ་དམིགས་ནས་འདས་ཟིན་པའི་ལོ་གཅིག་རིང་སྨན་བཅོས་འཕྲོད་བསྟེན་པ་350ཁ་གསབ་བྱས་པ་དང་། རིམ་གསུམ་སྨན་ཁང་ནས་ཁ་གཏད་རོགས་སྐྱོར་གྱི་སྨན་བཅོས་ཤེས་ལྡན་པ་104རྫོང(ཆུས)11གི་མི་དམངས་སྨན་ཁང་དུ་རོགས་སྐྱོར་ལས་དོན་སྤེལ་བར་འདེམས་མངགས་བྱས་པ། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་1119ལ“གྲོང་ཚོ་རེ་ལ་འཕྲོད་བསྟེན་ཁང་རེ་དང་སྨན་པ་གཉིས”ཀྱི་བླང་བྱར་གཞིགས་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར་དེ་ལྟར་བཀོད་སྒྲིག་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་19.46ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོ་འགོད་ལེགས་གྲུབ་བྱུང་བ། ནད་ཆེན་འགན་བཅོལ་བྱེད་ཚད་100%ཟིན་ཡོད།
འགོ་འཛུགས་ས་གསར་པར་གཞི་ཚུགས་ནས་གྲུབ་འབྲས་གསར་པ་བརྩོན་ལེན་བྱེད་པ།
ལོ་ལྔ་ལྷག་ཙམ་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་པས་མང་ཚོགས་དབུལ་པོའི་བསམ་བློ་དང་དེ་བཞིན་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད།
དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྗེས་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར་མུ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ(གྲོང་ལྷན)དབུལ་པོའི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། དམངས་འཚོ་འགན་ལེན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས།
འགོ་ཚུགས་ས་གསར་པའི་ཐོག་ལངས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མུ་མཐུད་དམིགས་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཐུབ་པའི་རྨང་གཞི་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བྱ་ཐབས་དང་ལས་དོན་གྱི་མ་ལག་རིམ་བཞིན་གྲོང་གསེབ་དར་རྒྱས་ལ་བརྟན་པོའི་ངང་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁའི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་ཐུབ་པ་བཅས་བྱ་རྒྱུ་རེད།