དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྒྲོལ་ནི་དངོས་སྒྲུབ་ལས་བྱུང་། བདེ་སྐྱིད་ནི་འབད་འཐབ་ལས་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-26

    འདི་ལོ་ལོ་27ལ་སླེབས་པའི་ཐུབ་བསྟན་བྱམས་པ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་ཆུ་བཟང་གྲོང་ཚོ་ནས་ཡིན་ཞིང་། ཁྱིམ་དུ་ནང་མི་5ཡོད་པ་རེད། 2015ལོའི་གོང་དུ་ཐུབ་བསྟན་བྱམས་པའི་ནང་མིར་སྡོད་ཁང་དང་། ས་ཞིང་། ཕྱུགས་ཟོག་བཅས་གང་ཡང་མེད་ལ། ངལ་རྩོལ་རྩལ་ནུས་ཀྱང་མེད། ནང་མི་5ཁྱིམ་མཚེས་ཀྱིས་བོགས་མར་བཏང་བའི་མུན་པ་ནག་ཅིང་བཞའ་ཚན་ཆེ་བའི་སྨི་ངོས་གྲུ་20ལྷག་ཙམ་ལས་མེད་པའི་ཁང་པའི་ནང་བསྡད་དེ་འཚོ་བ་སྐྱོ་པོ་སྐྱེལ་བཞིན་ཡོད་ལ། ཟླ་མཇུག་ཏུ་ཁང་གླ་སྤྲོད་རན་སྐབས་ནང་མི་ཚང་མ་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། ཐུབ་བསྟན་བྱམས་པའི་ཕ་ཡང་སྐབས་དེ་དུས་གཟུགས་པོ་གཅོང་བས་ཚེ་ལས་འདས།

    ཐུབ་བསྟན་བྱམས་པས་ཕྱིར་དྲན་བྱེད་སྐབས་དེ་དུས་མཚན་མོར་རང་ཉིད་གཅིག་པུར་བདེ་སྐྱིད་འཚོ་བའི་ཆེད་མནོ་བསམ་གཏོང་བ་དང་། རང་ཉིད་ལ་འཇོན་ཐང་གང་ཡང་མེད་པར་འཁང་ར་བྱེད་ཀྱི་ཡོད་མོད། སེམས་ནང་རང་ཉིད་དང་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་བཏང་ནས་ནང་མི་ཚང་མ་ལྟོ་གོས་འཛོམས་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་ཚུན་ཆུ་བཟང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་གྲོང་ཚོ་ཡོངས་ཀྱི་ཁྱབ་ཁོངས་སུ་དུད་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་བྱས་པ་དང་། ཐུབ་བསྟན་བྱམས་པ་མི་སྒེར་གྱིས་རེ་ཞུ་བྱེད་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱེད་པ། ཚོགས་འདུའི་ཐོག་གྲོས་མོལ་བྱེད་པ། སྤྱི་བསྒྲགས་དང་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བརྒྱུད་རིམ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པ་དང་འབྲེལ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ་རེད།

    སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ་དང་། ཇི་ལྟར་ཕྱུག་འགྱུར་ཡོང་བ་བྱེད་དགོས་སམ་ཞེ་ན། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་དང་དབུལ་པོ་སེལ་བར་སྔོན་ལ་བླུན་རྨོངས་ཀྱི་གནས་ལས་ཐར་བ་བྱེད་དགོས། རྩལ་ནུས་སྣ་གཅིག་ཁོང་དུ་ཆུད་ཚེ་གཞི་ནས་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་ཀྱི་ཡོད། བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་ནས་ཡུན་རིང་མ་སོང་བར་ཐུབ་བསྟན་བྱམས་པར་སྟོད་ལུང་བདེ་ཆེན་ཆུས་ཆུ་བཟང་གྲོང་ཚོར་སྤེལ་བའི་ལྡུག་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་གཏོང་བའི་ལག་རྩལ་གསོ་སྦྱོང་བྱེད་པའི་སྐབས་དང་འཁེལ་བ་མ་ཟད། གསོ་སྦྱོང་གི་འབྲེལ་ཡོད་གྲོན་དངུལ་ཚང་མ་རྩ་ཆག་བཏང་བ་དང་། གསོ་སྦྱོང་མཇུག་འགྲིལ་རྗེས་སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ལས་ཀ་བཀོད་སྒྲིག་བྱ་རྒྱུ་ཡིན་སྟབས་ཐུབ་བསྟན་བྱམས་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གསོ་སྦྱོང་ལ་མིང་ཐོ་བཀོད་པ་རེད།

    ཉིན་60རིང་འབད་བརྩོན་བྱས་པ་བརྒྱུད་ཐུབ་བསྟན་བྱམས་པར་ལྡུག་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་གྱི་འབྲིང་རིམ་ཐོབ་ཐང་ལག་ཁྱེར་རག་པ་རེད། གསོ་སྦྱོང་རིང་དཀའ་སྤྱད་སྙིང་རུས་ཆེ་བ་དང་། སློབ་ལ་བརྩོན་ཞིང་སྐད་ཆ་འདྲི་རྒྱུར་དགའ་བ། ལག་རྩལ་བྱང་ཆུབ་པ་སྦྱངས་པས་གསོ་སྦྱོང་མཇུག་འགྲིལ་རྗེས་ཁོང་ཅའོ་ཨན་ཁ་ལོ་བའི་སློབ་གྲྭའི་རྩལ་ཁྲིད་པར་ཆེད་མངགས་གདན་དྲངས་ཏེ་ཟླ་རེར་གླ་ཕོགས་སྒོར་4000ལྷག་ཙམ་ལེན་རྒྱུ་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་དྲི་མེད་ཆོས་མཚོ་བདེ་སྐྱིད་བོད་ཁྱིམ་ཁང་དུ་ཞབས་ཞུ་བར་བཀོད་སྒྲིག་བྱས་ཏེ་ཟླ་རེར་གླ་ཕོགས་སྒོར་3000ལྷག་ཙམ་ཡོད་པ་རེད། དེ་ནས་བཟུང་ཐུབ་བསྟན་བྱམས་པའི་ནང་མིས་རིམ་བཞིན་ཡོང་འབབ་བརྟན་པོ་ཡོད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས།

    “ཉེ་བའི་ལོ་ཤས་རིང་བདེ་ཆེན་གྲོང་རྡལ་གྱིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟོད་ལུང་བདེ་ཆེན་ཆུས་བཅས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲོད་འོག‘དབུལ་སྒྲོལ་གྱི་བྱེད་ཐབས་དྲུག’དང‘ཁག་གཅིག་རེ་ལྔ’‘སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ’སོགས་ཀྱི་དབུལ་སྒྲོལ་བྱེད་ཐབས་བརྒྱུད་ཆུ་བཟང་གྲོང་ཚོའི་དུད་ཚང་དབུལ་པོ35ཡི་མི་142གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་རོགས་སྐྱོར། གནད་སྨིན་ཕྱིར་འཐེན། བརྟན་པོའི་ངང་ཕྱུག་འགྱུར་བཅས་ཀྱི་དབུལ་སྒྲོལ་ལས་འགན་ལེགས་གྲུབ་ཟིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་ཨུ་ཡོན་བསྟན་འཛིན་བཤེས་གཉེན་གྱིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།