དབུ་ཤོག>ཞིང་འབྲོག་གསར་པ།
  • བསམ་ཕྱོགས་བསྒྱུར་ནས་ཐབས་ལམ་བཙལ་། ཕྱུག་འགྱུར་ལམ་བུར་མཉམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-26

    “མང་ཚོགས་ཡོངས་ཁྱབ་ངང་དབུལ་པོ་ཡིན་པ་དང་ད་དུང་དབུལ་སྒྲོལ་གྱི་འདུ་ཤེས་ཞན་པའི་རྐྱེན་གྱིས་ཁོང་ཚོར་འཚོ་བ་ཡག་པོ་ཞིག་སྐྱེལ་བའི་ཐབས་ལམ་རྙེད་མེད། མ་གཞི་དུད་ཚང་དབུལ་པོ་ཚང་མ་བདེ་སྡོད་ཁང་པར་སྤོས་ཀྱང་ཁོང་ཚོའི‘སྒུག་རྟེན་སློང’གསུམ་གྱི་བསམ་བློ་ཚབས་ཆེ་ལ་རང་སྟོབས་རང་སྤེལ་གྱི་འདུ་ཤེས་ཞན་པ་དང་། ཕ་མའི་སློབ་གསོའི་འདུ་ཤེས་ཞན་པས་ཕྲུ་གུ་སློབ་གྲྭར་གཏོང་འདོད་མེད་པར་ཁྱིམ་དུ་ཕྱུགས་རྫིར་ཉར་བ། མང་ཚོགས་ཀྱི་འཛད་སྤྱོད་བྱེད་སྟངས་མཁས་པོ་མེད་པས་རྒྱུན་དུ་བུ་ལོན་ཟུག་པ་དེ་ཡོང་འབབ་ལས་མང་བ་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད”ཅེས་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ཉ་ཁང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྲི་དབང་གིས་མང་ཚོགས་ཀྱི་དེ་སྔའི་བསམ་བློའི་སྐོར་གླེང་སྐབས་དེ་ལྟར་བཤད།

    མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་སྲི་དབང་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། 2010ལོར་སྲི་དབང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས་རྗེས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ཤེས་འཚོལ་གྱི་ཡོད།

    “ལོ་གཉིས་གོང་ནི་ལས་ཀ་འཚོལ་ཞིབ་བྱེད་པའི་དུས་རིམ་ཡིན། 2015ལོར་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་དུ་ལྟ་སྐོར་དང་ལྟ་སྦྱོང་བྱེད་པར་བསྐྱོད་རྗེས་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་། ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་དང་རང་ཉིད་ཀྱི་ནུས་པ་བཏོན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཇི་ལྟར་བྱེད་པའི་ཐད་རང་ཉིད་ལ་བསམ་ཕྱོགས་གསལ་པོ་ཞིག་རྙེད་བྱུང”ཞེས་སྲི་དབང་གིས་གསར་འགོད་པར་བཤད།

    རྒྱལ་ལམ་209བར་ཡངས་གྲོང་རྡལ་འགྲམ་དུ་གནས་པ་དང་། ད་དུང་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་སྦྲེལ་མཐུད་ཀྱི་ལམ་གལ་ཆེན་ཞིག་ཡིན་པས་ཕར་འགྲོ་ཚུར་འོང་གི་ཚོང་པ་མང་པོ་ཡོད། ཉ་ཁང་གྲོང་ཚོ་ཡར་ཀླུང་གཙང་པོའི་ཆུ་འགོར་གནས་པས་ས་རྒྱ་ཡངས་ལ་རྩྭ་ཐང་དང་འདམ་རའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དེར་ཇོ་རིའི་ཧོར་པའི་ལུག་གསོ་ཚགས་བྱས་ན་ཧ་ཅང་འཚམ་པོ་ཡོད། ཧོར་པའི་ལུག་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་སྤུས་ཀ་དག་པས་སྔར་ནས་བཟུང་དཔོན་རིགས་དང་སྐུ་དྲག་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སྲི་དབང་གིས“ཐོན་ལས་ཀྱི་ལེགས་ཆ་དེར་བརྟེན་ནས་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་གྲོས་འགོའི་འོག་འབྲོག་ར་ཆུང་ངུ་ཞིག་བཙུགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཉེར་རྒྱུའི་ཐག་བཅད་པ་ཡིན”ཞེས་བརྗོད།

    དེ་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་འཕྲལ་དུ་བྱ་སྤྱོད་སྤེལ་ཞིང་། ཁོང་ཚོས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་འབྲེལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཉེར་རྒྱུའི་བསམ་བློ་ཞིབ་ཕྲ་མང་ཚོགས་ལ་བཤད། མང་ཚོགས་འགའ་ཞིག་ལ་ཐེ་ཚོམ་ཡོད་ཀྱང་། མང་ཆེ་བས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    དེས་ན་གྲོང་ཚོས་འཕྲལ་དུ་མ་དངུལ་སྒོར་ཁྲི་11བཏོན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བཙུགས་པ་དང་འབྲེལ་མང་ཚོགས་ས་ནས་འབྲི་མགོ་གྲངས་11དང་། ལུག་ཐུག་མགོ་གྲངས་250 མ་མོ་མགོ་གྲངས་106བཅས་གཡར་བའམ་ཡང་ན་ཉོས་པར་ཁྱོན་བུ་ལོན་སྒོར་ཁྲི་53.27ཟུག་ཡོད།

    “དེ་སྔ་མང་ཚོགས་སོ་སོས་ནོར་ལུག་གི་འཚོང་ལམ་འཚོལ་བ་ལས་མཉམ་ལས་ཁང་ལ་འཚོང་འདོད་བྱེད་ཀྱི་མེད། གང་ཡིན་ཞེ་ན་མཉམ་ལས་ཁང་ལ་བཙོངས་པའི་ནོར་ལུག་གི་ཡོང་འབབ་ལོ་མཇུག་ལ་མ་གཏོགས་རག་གི་མེད། འོན་ཀྱང་རང་ཉིད་ཀྱིས་བཙོངས་ན་དངུལ་ལམ་སེང་རག་གི་ཡོད”ཅེས་སྲི་དབང་གིས་ངོ་སྤྲོད་བྱས་བྱུང་།

    གནས་ཚུལ་དེ་དག་ཡོད་ཀྱང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སེམས་ཤུགས་གཏན་ནས་ཆག་མེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ལས་སྣེ་ཁྲིད་ཅིང་། རང་གསོ་རང་འཚོང་དང་། དུས་ཐུང་རྒྱགས་གསོ། འབྲོག་ཟོག་ཐོན་རྫས་ལས་སྣོན་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཤ་དང་། འོ་མ། བལ། པགས་པ། མར་སོགས་ཀྱི་ཕྱུགས་ཟོག་ཐོན་རྫས་བཙོངས་ཏེ་ཁེ་བཟང་རག་ཐབས་བྱས། 2016ལོའི་ལོ་མཇུག་ཏུ་མང་ཚོགས་ཀྱི་བུ་ལོན་སྒོར་ཁྲི་53.27ཐེངས་གཅིག་ལ་སྤྲད་པ་མ་ཟད། ད་དུང་ཁེ་གཙང་སྒོར་ཁྲི་117བྱུང་བ་དེ་ནི་གྲོང་ཚོས་གཉེར་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དང་པོ་དེ་ཡིན་པ་རེད།

    སྲི་དབང་གིས། དབུལ་སྒྲོལ་ཕྱུག་འགྱུར་ནི་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་ཡིན། “སྣང་ཆེན་བཞི་དང་དགའ་ལེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དེས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་བར་གོ་སྐབས་བཟང་པོ་ཞིག་བྱུང་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་རྗེས། གྲོང་ཚོའི་སྒྲོག་འགྲེལ་པས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཐོན་ལས་དབུལ་སྒྲོལ་གཉིས་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་བསམ་བློ་རྩ་བ་ནས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། “ད་ཆ་མང་ཚོགས་ཀྱིས་འཚོ་བར་དེ་བས་དགའ་ཞེན་དང་། ངལ་རྩོལ་གྱི་ཧུར་སེམས་དེ་བས་ཆེ་བ། ཁྱིམ་ཚང་དེ་བས་འཆམ་མཐུན། འཛད་སྤྱོད་དེ་བས་ཚད་དང་མཐུན་པ། ཚན་རིག་ལ་དེ་བས་བརྩི་མཐོང་བཅས་བྱེད་ཀྱི་ཡོད”ཅེས་བརྗོད།

    མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་བ་དང་གྲོང་ཚོས་གཉེར་བའི་མཉམ་སྡེབ་དཔལ་འབྱོར་དེ་བས་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་བསྟུན་ནས་མང་ཚོགས་དེ་བས་མང་བ་མཉམ་སྡེབ་དཔལ་འབྱོར་ནང་ཞུགས་ཡོད། 2017ལོར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཞིབ་འཇུག་བྱས་ནས་ཐག་བཅད་པ་བརྒྱུད། གྲོང་ཚོས་གཉེར་བའི་མཉམ་སྡེབ་དཔལ་འབྱོར་གྱི་རྨང་གཞིའི་ཐོག་ད་དུང་ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་བ་རེད། “མཉམ་ལས་ཁང་བཙུགས་པ་དེས་གྲོང་ཚོས་གཉེར་བའི་མཉམ་སྡེབ་དཔལ་འབྱོར་དེ་བས་རྩ་འཛུགས་ཅན་དང་ཁྲོམ་ར་ཅན་ཡོང་ཐུབ”ཅེས་སྲི་དབང་གིས་གསར་འགོད་པར་བརྗོད།

    མཉམ་ལས་ཁང་གི་འབྲེལ་ཡོད་དོ་དམ་གོ་རིམ་ཚད་ལྡན་དུ་གཏོང་ཆེད། “མ་རྐང་ནང་ཞུགས་རྒྱུ་རང་མོས་དང་། ཁེ་ཕན་མཉམ་སྤྱོད། ཉེན་ཁ་མཉམ་འཁུར། དམངས་གཙོའི་དོ་དམ། མ་རྐང་ལ་གཞིགས་ནས་ཁེ་བཟང་བགོ་བའི”རྩ་དོན་གཞིར་བཟུང་། མཉམ་ལས་ཁང་གིས་མ་དངུལ་དང་ཕྱུགས་ཟོག་མ་རྐང་ནང་ཞུགས་པའི་རྣམ་པ་གཉིས་སྤྱད་དེ་དོ་དམ་བྱེད་སྟངས་དང་སྒྲིག་སྲོལ་ལམ་ལུགས་བཟོས་ནས་མཉམ་ལས་ཁང་གི་སྤྱིའི་རྩ་དོན་དང་། རྩ་འཛུགས་སྒྲིག་གཞི། ཁོངས་མི་དོ་དམ། ནོར་དོན་དོ་དམ་སོགས་ཀྱི་སྒྲིག་ཡིག་བཟོས་པ་རེད།

    2018ལོར་མཉམ་ལས་ཁང་གི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ཞིང་། མ་དངུལ་གཏོང་ཤུགས་ཆེ་རུ་དང་མ་རྐང་མང་དུ་བཏང་བ་བརྒྱུད། མཉམ་ལས་ཁང་གི་སྤྱིའི་མ་དངུལ་སྒོར་ཁྲི་815ཟིན་པ་དང་། རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་16.28དང་ཕྱུགས་ཟོག་གི་གྲངས་འབོར་6132ཟིན་པ། མཉམ་ལས་ཁང་གི་ཁོངས་མིར་དུད་ཚང32གི་མི་91ཡོད་པའི་ནང་དུད་ཚང་དབུལ་པོ་11གི་མི་22ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།