དབུ་ཤོག>ཞིང་འབྲོག་གསར་པ།
  • དགུན་ཚང་ཤང་བཅུ་འཕར་གྲོང་ཚོས་རིགས་གཅིག་མཁས་ཅན་གདན་དྲངས་ནས་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་བསླབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-16

     གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་ཏན་ཏིག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་ཤང་བཅུ་འཕར་གྲོང་ཚོས་ཝོ་ཕུའུ་ཧྲེང་ཞིང་ལས་ཚན་རྩལ་ཀུང་སིའི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་5གདན་དྲངས་ནས་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་བསླབས་པ་དང་། ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་འབྲས་ཤིང་ལ་ཡལ་གཅོད་རྒྱག་པ་དང་། ལུད་རྒྱག་པ། ཞིང་ནང་གཡོག་བྱེད་སོགས་མང་ཚོགས་ལ་དཔེ་སྟོན་གསལ་འགྲེལ་བྱས་པ་དང་དུས་མཚུངས། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་རེ་རེ་བཞིན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    “འབྲས་ཤིང་འདེབས་པར་ལག་རྩལ་བྱང་ཆུབ་པོ་དགོས་ཀྱི་འདུག དེ་སྔོན་ང་ཚོས་ཡལ་གཅོད་རྒྱག་མི་ཤེས་ལ། ཡལ་གཅོད་རྒྱག་ཕོད་ཀྱི་མེད། ད་ཆ་གསོ་སྦྱོང་བྱས་པ་དང་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་དཔེ་སྟོན་བྱས་པ་བརྒྱུད། ངས་ལག་རྩལ་གསར་པ་ཤེས་བྱུང་། སླད་ཕྱིན་ངས་ཚན་རིག་ལག་རྩལ་སྦྱངས་པ་དག་མང་ཚོགས་དེ་བས་མང་བར་བསླབས་ཏེ། ཚང་མར་ཡོང་འབབ་འཕར་བ་བྱེད་རྒྱུ་ཡིན”ཞེས་ཡལ་གཅོད་བརྒྱབ་པའི་འབྲས་ཤིང་ལ་ལྟ་བཞིན་བཅུ་འཕར་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་བཀྲ་བཟང་གིས་གདེང་ཚོད་ཆེན་པོའི་སྒོ་ནས་བརྗོད།

    ཉེ་བའི་ལོ་ཤས་རིང་། བཅུ་འཕར་གྲོང་ཚོའི་ཏང་ཀྲི་པུས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་གཏོང་བ། མང་ཚོགས་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་སློབ་ཁྲིད་བྱེད་པ། རིགས་གཅིག་མཁས་ཅན་ས་གནས་ས་ཐོག་ཏུ་གདན་དྲངས་ནས་ལག་རྩལ་སློབ་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། འདེབས་འཛུགས་ལག་རྩལ་སྦྱངས་ཏེ་མང་ཚོགས་ཀྱི་རང་རྟེན་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད། 2020ལོར་གྲོང་ཚོའི་ཏང་ཀྲི་པུས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་ཐེངས་5བྱས་པ་དང་། མང་ཚོགས་ཀྱིས་དྲ་ཐོག་ནས་ལག་རྩལ་སྦྱོང་རྒྱུ་སྒྲིག་འཛུགས་ཐེངས་3བྱས་ཡོད། འདས་མ་ཐག་པའི་2020ལོར་བཅུ་འཕར་གྲོང་ཚོའི་སེའུ་ཡི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་པ་དང་། སྔོན་དཔག་ལྟར་ན་2021ལོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།