དབུ་ཤོག>ཞིང་འབྲོག་གསར་པ།
  • སྣམ་བུ་བཏགས་ནས་མཛེས་སྡུག་ལྡན་པའི་མ་འོངས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    ཐུབ་གཞོན་ནི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྣ་མཁར་གྲོང་ཚོ་ནས་ཡིན་ཞིང་། ཆུང་དུས་ནས་བཟུང་སྟེ། སྣམ་བུའི་ཚོན་མདོག་དང་བཟོ་དབྱིབས་སོགས་ལ་ཧ་ཅང་དགའ་ཞེན་ཆེ་ལ། སྲོལ་རྒྱུན་གྱི་འཁལ་འཐག་ཐོན་རྫས་རིགས་ལ་དགའ་པོ་ཡོད་པས། ནར་སོན་རྗེས་ཐུབ་གཞོན་གྱིས་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་ཤིང་། རིམ་བཞིན་སྒྱུ་རྩལ་གྱི་ཚད་མཐོ་ལ་ལག་ཤེས་རྩེར་སོན་གྱི་འཚེམ་བཟོ་ཞིག་ཏུ་གྱུར།

    མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིག་ཡིན་པའི་སྣམ་བུའི་འཐག་རྩལ་ནི་ངལ་རྩོལ་མི་དམངས་ཀྱི་སྤྱང་གྲུང་དང་བློ་གྲོས་ལ་བརྟེན་ནས་གསར་སྤེལ་དང་འཕེལ་རྒྱས་བྱུང་ལ། དེར་མི་རབས་ནས་མི་རབས་བར་གསོག་པའི་ཉམས་མྱོང་དང་རིག་གནས་ཀྱི་ཉིང་བཅུད་གཅིག་ཏུ་འདུས་པ་ཐུབ་གཞོན་གྱིས་གསལ་པོར་རྟོགས་ཤིང་། སྲོལ་རྒྱུན་བཟོ་རྩལ་ལ་དགའ་ཞེན་ཆེ་ཞིང་རྒྱུན་འཛིན་གྱི་བསམ་བློ་དྲག་པོ་བཅངས་ཏེ་ཐུབ་གཞོན་གྱིས་ལས་གཏོད་བྱེད་འགོ་ཚུགས་པ་རེད།

    2015ལོའི་ཟླ་4པར། ཐུབ་གཞོན་གྱིས་སྟོད་ལུང་རྒུ་རུམ་ས་མཐོའི་མི་རིགས་གྱོན་ཆས་བཟོ་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། བོད་པའི་སྲོལ་རྒྱུན་གྱི་སྣམ་བུའི་ཐོན་རྫས་དང་བོད་བཟོའི་ཁང་ཕྱིའི་རང་འགུལ་གུར་སོགས་གཙོར་བཟུང་སྟེ་བཟོས་པ་རེད།

    མཉམ་ལས་ཁང་བཙུགས་རྗེས་ཐུབ་གཞོན་གྱིས། འཚོ་བའི་ཆུ་ཚད་ཉིན་བཞིན་མཐོ་རུ་ཕྱིན་པ་དང་བསྟུན་ནས་འཛད་སྤྱོད་པ་དང་ཡུལ་སྐོར་བའི་བསམ་པ་དང་དངོས་པོའི་དགོས་མཁོ་ཡང་དེར་བསྟུན་གྱིས་མཐོ་རུ་འགྲོ་བཞིན་པ་རྟོགས་ལ། ཁོང་གིས་ཁྲོམ་རར་བརྟག་དཔྱད་ཐེངས་མང་བྱས་རྗེས། སྲོལ་རྒྱུན་གྱི་ཁྱད་ཆོས་དང་དེང་རབས་ཀྱི་ལེགས་ཆ་འདུས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ཁྲོམ་རའི་མདུན་ལམ་ཧ་ཅང་བཟང་པོ་ཡོད་ལ། དཔལ་འབྱོར་གྱི་ཕན་འབྲས་ཀྱང་བཟང་པོ་ཡོད་པ་རྟོགས།

    དེར་བརྟེན། ཐུབ་གཞོན་དང་ཁོང་གི་ཚོགས་པས་དུས་བསྟུན་མདུན་སྐྱོད་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྣམ་བུའི་བཟོ་རྩལ་སོར་འཇོག་བྱས་པ་དང་ཆབས་ཅིག ལག་ཤེས་བཟོ་པའི་ལག་རྩལ་དང་རིག་གནས་བྱང་ཚད་མཐོ་རུ་བཏང་ནས་འཛད་སྤྱོད་པས་དགའ་པོ་བྱེད་པའི་ཐོན་རྫས་གསར་པ་ཞིབ་སྤེལ་བྱས་རེད།

    2016ལོར། ཐུབ་གཞོན་ལ“ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕུལ་བྱུང་གཞོན་ནུ་ལས་གཏོད་པའི”མཚན་སྙན་ཐོབ་པ་དང་འབྲེལ་ལོ་དེའི་བོད་རང་སྐྱོང་ལྗོངས་ཀྱིས་གཉེར་བའི་ལས་གཏོད་འགྲན་བསྡུར་ཆེ་མོའི་ཐོག་བྱ་དགའ་མང་པོ་ཐོབ་ཅིང་། མཚན་སྙན་དེ་དག་ཐུབ་གཞོན་གྱི་བརྩོན་པ་དང་ཁ་འབྲལ་ཐབས་མེད།

    ཐུབ་གཞོན་གྱིས་གསར་འགོད་པར“ལོ་འདི་དག་རིང་། སྲིད་གཞུང་གིས་ང་ཚོར་སྲིད་ཇུས་དང་མ་དངུལ་སོགས་ཐད་ནས་རོགས་སྐྱོར་ཤུགས་ཆེན་བྱས་ཤིང་། རང་ཉིད་ཀྱིས་ཀྱང་འབད་བརྩོན་ལྷོད་མེད་བྱས་པས། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དོ་དམ་མི་སྣ་དང་རྐང་འཛིན་པའི་ཆེད་ལས་ལག་རྩལ་ཀྱང་དེ་དང་བསྟུན་ནས་མཐོ་རུ་ཕྱིན་ཡོད། ས་གནས་རང་གི་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱེད་པ་དང་། མ་བཅོས་རྒྱུ་ཆའི་སྤུས་ཚད་མཐོ་རུ་གཏོང་བ། སྲོལ་རྒྱུན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་ད་ཆ་ང་ཚོའི་ཐོན་རྫས་ལ་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད།

    ད་ཆ་ཐུབ་གཞོན་གྱི་གཉེར་སྐྱོང་བྱེད་བཞིན་པའི་མཉམ་ལས་ཁང་གིས་བོད་བཟོའི་ཁང་ཕྱིའི་གུར་དང་། བོད་བཟོའི་སྣམ་བུའི་ཁུག་མ། བོད་བཟོའི་གྱོན་ཆས་སོགས་ཐོན་རྫས་མང་པོ་གསར་སྤེལ་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་གྲོང་མི་སྔར་བས་མང་བོ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད། དེ་དང་ཆབས་ཅིག་སྣམ་བུའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པ་དམིགས་ཡུལ་དུ་བྱས་ནས། ཐུབ་གཞོན་མཉམ་ལས་ཁང་གིས་ད་དུང་ཞིང་འབྲོག་ཁུལ་ནས་འཚེམ་བཟོ་ལ་དགའ་མཁན་དང་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་དགའ་བའི་སློབ་མ་མང་པོ་བསྡུས་ཏེ་ས་ཁུལ་དབུལ་པོའི་ཞིང་འབྲོག་པའི་བུ་ཕྲུག་ལ་ལག་རྩལ་སྣ་གཅིག་སྦྱོང་དུ་བཅུག་པ་དང་། ཁོ་ཚོར་ལག་གཉིས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མ་འོངས་གཏོད་དགོས་པའི་སྐུལ་མ་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།