དབུ་ཤོག>ཞིང་འབྲོག་གསར་པ།
  • ཨ་མདོ་རྫོང་སྒྲོལ་དཀར་དབུལ་སྐྱོར་ཁུལ་ཆུང་གི་པད་མས་ལག་ཤེས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-01-10

    པད་མ་འཕྲད་སྐབས། ཁོང་དང་དོ་པོ་དབོར་མཁན་ལས་རོགས་ཚོ་ཨ་མདོ་རྫོང་གྲོང་གི་མཛོད་ཁང་དུ་ལས་ལ་བྲེལ་བཞིན་འདུག ལ་ལས་རླངས་འཁོར་ནས་མྱུར་སྐྱེལ་དངོས་ཟོག་འབེབས་བཞིན་ཡོད་པ་དང་། ལ་ལས་རླངས་འཁོར་གྱི་འཁྲིས་ནས་དོ་པོ་དཔུང་པར་འཁྱེར་བ། ལ་ལས་དོ་པོ་གཞོགས་གཅིག་ཏུ་འཇོག་བཞིན་འདུག འཁྱུག་ཙམ་ཞིག་ལ། དོ་པོ་ཚང་མ་ཕབ་ཟིན་ཞིང་། དེ་རྗེས་ཁོང་ཚོ་ལས་མཚམས་བཞག་ནས་གླ་ཆ་ལེན་པའི་སྐབས་སུ་ང་ཚོས་ཁོང་ཚོར་བཅར་འདྲི་བྱས་པ་ཡིན།

    འདི་ལོ་ལོ་33ལ་སླེབས་པའི་པད་མ་ནི། ཨ་མདོ་རྫོང་དར་འདུས་ཤང་ནས་ཡིན། 2017ལོའི་ལོ་མཇུག་ཏུ་ཁོང་དང་ནང་མི་སྨི་ངོས་གྲུ་30ཡོད་པའི་སོ་ཕག་ཁང་པ་ནས་རྫོང་གྲོང་དུ་ཡོད་པའི་སྒྲོལ་དཀར་དབུལ་སྐྱོར་ཁུལ་ཆུང་གི་སྨི་ངོས་གྲུ་80ཡོད་པའི་ཁང་པ་གསར་པར་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    རྫོང་གྲོང་གི་སྡོད་ཁང་གསར་པར་སྤོས་པ་ནི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ཇི་ལྟར་བྱས་ཏེ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་དང་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་མང་ཚོཌ་རྣམས་ལ་འཕྲད་པའི་དཀའ་གནད་ཅིག་རེད།

    ལོ་ཤས་གོང་པད་མའི་ཁྱིམ་ཚང་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། དར་འདུས་ཤང་ནི་ཨ་མདོ་རྫོང་གི་ཤར་རྒྱུད་དུ་གནས་ཡོད་ཅིང་། རྩྭ་ར་ཉུང་བ་དང་ཕྱུགས་རིགས་ཀྱང་མང་པོ་མེད། པད་མའི་ཁྱིམ་དུ་ཕྱུགས་རིགས་མགོ་གྲངས་14ལས་མེད་པས་འཚོ་བ་སྐྱོ་ཙམ་ཡོད།

    2016ལོའི་ཟླ་10པར་ཨ་མདོ་རྫོང་དང་དར་འདུས་ཤང་གིས་དུད་ཚང་དབུལ་པོ་སྒྲིག་འཛུགས་བྱས་ཏེ་ནག་ཆུ་གྲོང་ཁྱེར་དུ་རྩལ་ནུས་སྦྱོང་བར་གཏོང་སྐབས། པད་མས་ཨང་དང་པོར་མིང་ཐོ་བཀོད།

    “སྦྱངས་ཟིན་པའི་ལག་རྩལ་སྤྱོད་མི་ཐུབ་པ་དང་འབྲོག་ལས་འཐུས་ཤོར་སོང་ན་གང་འདྲ་བྱེད་དགོས་སམ”ཞེས་བཟའ་ཟླ་བསྟན་སྒྲོན་གྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།

    “འདི་ནི་འཚོ་བའི་ཐབས་ལམ་ཞིག་རེད། ཁྱིམ་དུ་བསྡད་ནས་འཚོ་བ་སྐྱོ་པོ་སྐྱེལ་བ་ལས་དྲག་གི་རེད”ཅེས་པད་མས་དམ་བཅའ་བརྟན་པོ་བཞག་ནས་རྡོག་ཁྲེས་ཁྱེར་ཏེ་ཁྱིམ་ནས་ཐོན།

    ཟླ་བ་ཁ་ཤས་སོང་རྗེས། པད་མ་རྩལ་ནུས་གསོ་སྦྱོང་གི་རྒྱུགས་འཕྲོད་དེ་ས་འདྲུ་འཕྲུལ་འཁོར་སོགས་ཀྱི་རྩལ་ནུས་ལག་ཁྱེར་རག་པ་རེད། སྟབས་འཁེལ་བ་ཞིག་ལ། ཡུན་རིང་མ་སོང་གོང་ཨ་མདོ་རྫོང་ནས་སྙན་རོང་རྫོང་བར་གཞུང་ལམ་བཟོ་འགོ་ཚུགས་པས། ལས་མི་མང་པོ་བསྡུ་འགོ་ཚུགས། པད་མས་གནས་ཚུལ་དེ་ཤེས་རྗེས། འཕྲལ་དུ་དར་འདུས་ཤང་གི“ཤང་གཅིག་དང་ལས་དོན་ཁང་གཅིག”གི་སྐྱེལ་འདྲེན་རུ་ཁག་ལ་ཞུ་ཡིག་ཕུལ།

    དཀའ་ཚེགས་ངལ་རྩོལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ། གླ་ཆ་ཕུད་2017ལོའི་ལོ་མཇུག་ཏུ་པད་མར་ཐོབ་ཆ་སྒོར་7000ལྷག་ཙམ་བྱུང་ཡོད།

    “ང་ཡང་ལག་རྩལ་སྦྱོང་བར་འགྲོ་གི་ཡིན”བཟའ་ཟླར་ལག་རྩལ་སྦྱངས་ནས་ཡོང་འབབ་རག་པ་མཐོང་སྐབས། བསྟན་སྒྲོལ་ཧ་ཅང་དགའ་པོ་བྱུང་སྟེ་ནག་ཆུ་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་བོད་ཟས་མ་བྱན་གསོ་སྦྱོང་ནང་མིང་ཐོ་བཀོད་པ་རེད། ད་ཆ་བསྟན་སྒྲོལ་གྱིས་ཕྱུགས་འཚོ་བའི་ལས་དེ་ཨ་མར་བཞག་ནས། རང་ཉིད་ཨ་མདོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་འཚོ་སྐྱོང་ལྟེ་གནས་སུ་མ་བྱན་བྱས་པར་ཟླ་རེར་གླ་ཆ་སྒོར་1740ཡོད་པ་རེད།

    2018ལོའི་བོད་ཀྱི་ལོ་གསར་སྐབས། པད་མར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4.5བྱུང་བ་དང་། བསྟན་སྒྲོལ་ལ་ཡོང་འབབ་སྒོར་ཁྲི་2.1བྱུང་བའི་ཐོག་རྩྭ་ཐང་གི་ཁ་གསབ་ཡོང་འབབ་སྒོར་2900ལེན་རྒྱུ་ཡོད་པས། ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་7ཙམ་ཟིན་ཡོད། ལོ་དེ་དག་གི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས། པད་མས་སེམས་འགུལ་དང་བཅས“རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ན། དབུལ་སྒྲོལ་མི་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་བརྗོད།

    དབུལ་སྒྲོལ་བྱུང་རྗེས། པད་མས་གཉེན་ཉེ་ཚོ་བརྗེད་མེད། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་ཡིན་པའི་ཁོང་གིས། དོས་སྐྱེལ་རུ་ཁག་གི་ལས་སྒོ་རྒྱ་ཆེ་རུ་བཏང་ནས་གཉིས་ལྡན་དུད་སྦྲེལ་གྱི་ཁོངས་མི་ཚོར་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་འཚོལ་རོགས་བྱས་པའི་ནང་ཨ་པོ་ནི་ཁོང་ཚོའི་གྲས་ཤིག་རེད།

    འདི་ལོ་ལོ་48ལ་སླེབས་པའི་ཨ་པོ་ནི་ཁུལ་ཆུང་གི་དུད་ཚང་དབུལ་པོ་ཞིག་རེད་ལ། པད་མའི་གཉིས་ལྡན་དུད་སྦྲེལ་ཁོངས་མིའི་གྲས་ཤིག་ཀྱང་རེད། ཨ་པོའི་ཁྱིམ་ཚང་ལ་ནང་མི་7ཡོད་པ་དང་ཕྲུ་གུ་ལྔ་སློབ་གྲྭར་འགྲོ་བས། ཁྱིམ་ཚང་གི་ཁུར་པོ་ལྕི་བར་བརྟེན་སྐབས་ཤིག་རིང་འཚོ་བར་ཡིད་ཐང་ཆད།

    པད་མས་གནས་ཚུལ་དེ་ཤེས་རྗེས། ཁོང་ལ་བསམ་བློའི་སློབ་གསོ་ཐེངས་མང་བརྒྱབ། “རང་ལ་ནུས་ཤུགས་ཡོད་པས་ཕྱིར་ལས་ཀར་སྐྱོད་དགོས”ཞེས་བཤད་ནས་དོ་པོ་དབོར་བའི་ལས་ཀ་ངོ་སྤྲོད་བྱས། ད་ཆ་ཨ་པོ་ཡང་དོ་པོ་དབོར་མཁན་ཞིག་ཆགས་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།