མཛེས་སྡུག་རྣམ་པར་བཀྲ་བའི་གྲོང་གསེབ།
འདི་ནི་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པར”ཕྱིར་མིག་བལྟས་ཚེ་ཆུ་ཤུར་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་ཞིང་ལས་དང་གྲོང་གསེབ་ཕྱོགས་བསྡུས་སྒྱུར་བཅོས་གསར་གཏོད་དང་སྐུལ་འདེད་བཏང་བ་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགལ་རྐྱེན་ཏན་ཏིག་བསལ་ཐོག་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད།
ཐོན་ལས་དར་རྒྱས་དང་ཕྱུག་འགྱུར་ལས་ལ་བྲེལ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆུ་ཤུར་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྤེལ་རྒྱུར་ཞིབ་འཇུག་གཏིང་ཟབ་བྱས་པ་དང་གནམ་ཤང་ལྗང་གྲོང་ཚོ་ཚོད་ལྟའི་ས་ཚིགས་སུ་བརྩིས་ཏེ“ལས་རིགས་གཅིག་གཙོ་ཁྲིད་དང་ལས་རིགས་མང་པོ་འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་ལྟར་ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྤྱི་འདོམས་འཕེལ་རྒྱས་བཏང་ཐོག་མང་ཚོགས་ལ་རྒྱུན་སྲིང་ངང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
2005ལོ་ནས་བཟུང་ཆུ་ཤུར་རྫོང་ལྗང་གྲོང་ཚོས“སྔོ་ཚལ་གྲོང་ཚོ”ཧུར་ཐག་གཏོད་འགོ་ཚུགས་པ་དང་2019ལོར་སླེབས་སྐབས་གྲོང་ཚོ་ཡོངས་ཀྱི་སྔོ་ཚལ་དྲོད་ཁང་ཆེ་མོའི་གཞི་ཁྱོན་ཐོག་མའི་མུའུ་500ནས་མུའུ་1700ལྷག་ཙམ་བར་འཕར་བ་དང་སྔོ་ཚལ་སྣ་ཁ་40ལྷག་ཙམ་ཟིན་ནས་ལོའི་སྔོ་ཚལ་ཐོན་འབབ་རྒྱ་མ་ཁྲི་2000ཟིན་པ་དང་སྔོན་དཔག་བྱས་ན་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་4000ཟིན་གྱི་ཡོད།
“ཞིང་ལས་ལ་མཐོང་ཆེན་དང་རྩ་བ་བརྟན་པོ་ཡོང་བ་བྱ་རྒྱུ་ནི་དམངས་བདེའི་རྨང་གཞི་དང་རྒྱལ་སྐྱོང་གི་འགག་གནད་རེད། ཚོད་ལྟའི་ས་ཚིགས་ཡིན་པའི་ལྗང་གྲོང་ཚོ་འཕེལ་རྒྱས་གཏོང་བ་དེ་ནི་ཆུ་ཤུར་རྫོང་གི་སླད་ཕྱིན་གྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་ང་ཚོས་ཆུ་ཤུར་གྱི་ཅིང་ཀྲི་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ‘ཀུང་སི+མཉམ་ལས་ཁང་+ཞིང་དུད’བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་དཔེ་དབྱིབས་ལག་བསྟར་བྱས་པ་དང་ཤིང་འབྲས་དང་སྔོ་ཚལ་ཉོ་ཚོང་ཁྲོམ་ར་བཙུགས་པ། སྔོ་ཚལ་མཐུན་ཚོགས་བཙུགས་པ་བཅས་བྱས་པ་དང་འབྲེལ་སྔོ་ཚལ་ཐོན་སྐྱེད་དང་།སྔོ་ཚལ་ལས་སྣོན། སོས་ཉར་གྲང་ཉར། སྡེབ་སྐྱེལ་ཕྱིར་ཚོང་སོགས་སྔོ་ཚལ་སྣུར་སྲིང་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་སྣེ་ཁྲིད་དེ་འཁོར་སྦྲེལ་ཧྲིལ་པོ་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་ནང་ཞུགས་ཡོད”ཅེས་ཆུ་ཤུར་རྫོང་གི་རྫོང་དཔོན་གཞོན་པ་ཧོའུ་ཅིང་ཧྭ་ཡིས་བཤད།
ལྗང་གྲོང་ཚོ་ནས་ཐོན་ཏེ་རྒྱལ་ལམ་318བརྒྱུད་ཚལ་སྣེ་ཟམ་ཆེན་བརྒལ་ནས་སླར་ཡང་མདུན་དུ་ཡུད་ཙམ་བསྐྱོད་ན་མི་རིང་བའི་སར་མྱུར་བགྲོད་གཞུང་ལམ་གམ་དུ་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཆགས་ཡོད། ད་ཕན་ལོ་ཤས་རིང་ཆུ་ཤུར་རྫོང་གིས་དེང་རབས་ཞིང་ལས་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་ས་གཙང་བདེ་ཐང་ཐོན་ལས་རིམ་སྤོར་ཁུལ་གཏོད་རྒྱུར་དམིགས་ནས་ཚལ་སྣེའི་གླིང་དུས་ཐེངས་དང་ཁག་ཐེངས་དབྱེ་ནས་བཏོད་པ་དང་དུས་ཐེངས་དང་པོའི་གླིང་AདངBབསྐྲུན་ཟིན་པ་དང་དུས་ཐེངས་གཉིས་པའི་གླིང་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།
ཞིང་པ་གསར་པར་འཇོན་ཐང་ཁོ་ལག་རྒྱས།
ཤེས་ལྡན་པ་ནི་ཐོན་སྐྱེད་སྟོབས་ཤུགས་དང་པོ་དེ་ཡིན་ཞིང་། ད་ཕན་ལོ་ཤས་རིང་ཆུ་ཤུར་རྫོང་གིས་ཞིང་པར་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཞིང་པའི་ཚན་རྩལ་རིག་གནས་བྱང་ཚད་དང་ངལ་རྩོལ་རྩལ་ནུས་ཆེ་རུ་ཧུར་ཐག་བཏང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་བྱང་ཚད་མཐོ་བའི་ཞིང་པའི་དཔུང་ཁག་གསར་པ་ཞིག་སྐྱེད་སྲིང་བྱས་པ་རེད།
ལྗང་གྲོང་ཚོའི་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས“ཞིང་པར་ཁོང་དུ་ཆུད་པའི་ལག་རྩལ་སྣེ་གཅིག་ཡོད་པ་བྱ་ཆེད་སྔོ་ཚལ་རྟེན་གཞིའི་ཐོན་ལས་ལེགས་ཆར་བརྟེན་ནས་ང་ཚོས་གྲོང་མིར་འབྲེལ་ཡོད་གསོ་སྦྱོང་བྱས་ཡོད། གཞན་ཡང་2012ལོར་གནམ་གྲོང་ཚོའི་བྱང་སྐར་སྤུན་བདུན་ལག་ཤེས་འཁེལ་འཐག་མཉམ་ལས་ཁང་བཙུགས་ཚུན། ལོ་ལྟར་གྲོང་ཚོའི་མང་ཚོགས་ལ་དུས་ངེས་མེད་ཀྱི་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་ནང་དོན་ལ་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་རྩལ་ནུས་སོགས་ཚུད་ཡོད”ཅེས་ངོ་སྤྲོད་བྱས།
ལྗང་གྲོང་ཚོའི་ཉི་མས་འདི་ལོ་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནས་ས་ཆ་མུའུ་70ལྷག་ཙམ་བོགས་མར་བླངས་ནས་ཤིང་འབྲས་དང་སྔོ་ཚལ། སྨན་རྩྭ་བཅས་བཏབ་པ་དང་ཁོང་གིས་གསར་འགོད་པར་རང་ཉིད་ཆེད་ལས་ལག་རྩལ་གྱི་གསོ་སྦྱོང་ནང་ཞུགས་རྗེས་ཤིང་འབྲས་དང་། སྔོ་ཚལ། སྨན་རྩྭ་བཅས་ཀྱི་འདེབས་རྩལ་ཁོང་དུ་ཆུད་བྱུང་ཞེས་བཤད།
“སྐབས་དེ་དུས་ང་དང་བཟའ་ཟླས་མ་དངུལ་སྒོར་ཁྲི་7བཏང་བ་དང་ཤིང་འབྲས་དང། སྔོ་ཚལ། སྨན་རྩྭ་བཅས་བཙོངས་པའི་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་བྱུང”མྱུག་གསོའི་དྲོད་ཁང་ནང་གི་སྔོ་ཐིང་ཐིང་དུ་སྐྱེས་པའི་སྨན་རྩྭ་མཐོང་སྐབས་ཉི་མས་ཕྱུག་འགྱུར་དང་འབྱོར་འབྲིང་ལ་རེ་བས་ཁེངས།
མིག་སྔའི་བར་ཆུ་ཤུར་རྫོང་གིས་ཆེད་ལས་ཞིང་པ་གསར་པ་200སྐྱེད་སྲིང་བྱས་པ་དང་། 2019ལོར་ཆུ་ཤུར་གྱི་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་45ཟིན་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་1200ཐད་ཀར་གསོ་སྦྱོང་དང་། ལས་ཞུགས་ལས་གནས་2000ལྷག་ཙམ་མཁོ་འདོན། ཞིང་འབྲོག་མང་ཚོགས་ལ་ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.5ཡོང་རོགས་བཅས་བྱས་པ་རེད།
སྣོད་བཅུད་སྡོད་མལ་ལས་རྣམ་པ་གསར་པ་བརྗེས་པ།
ད་ཕན་ལོ་ཤས་རིང་། ཆུ་ཤུར་རྫོང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དེ་གནས་ནས་ཁྱོན་བར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་ལས་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་རིམ་བཞིན་བཏིང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་མིན་དེ་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་ལའང་རག་ལུས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗང་གྲོང་ཚོས་མཁྲེགས་ཆས་འཛུགས་སྐྲུན་རྨང་གཞིར་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས་མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་གསེབ་བཏོད་པ་རེད།
པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོའི་ཟླ་8པ་ནས་བཟུང་ལྗང་གྲོང་ཚོས“གསང་སྤྱོད་གསར་བརྗེ”བྱེད་འགོ་ཚུགས་ཏེ། 2020ལོའི་ཟླ་8པའི་བར་གསང་སྤྱོད་ཚང་མ་སྒྱུར་བཀོད་ལེགས་གྲུབ་ཟིན་པ་རེད། གཞན་ཡང་ལྗང་གྲོང་ཚོས་བཙོག་ཆུ་གཙང་སིང་བཟོ་གྲྭ་བཙུགས་ནས་ཉིན་ལྟར་འཚོ་བའི་བཙོག་ཆུ་ཏུན་130ལྷག་ཙམ་གཙང་སིང་བྱས་པ་རེད།
གྲོང་མིའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། གྲོང་ཚོའི་ནང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ཐང་དང་རྒན་རྒོན་གྱི་ལུས་སྦྱོང་ཐང་བསྐྲུན་པ་དང་། ཁོམ་པ་བྱུང་དུས་པ་སངས་ཚེ་རིང་གིས་གྲོང་མི་ཚོ་དང་མཉམ་དུ་ལན་ཆིའུ་སྤོ་ལོ་རྒྱག་པ་དང་རྒན་རྒོན་ཚོའི་ལུས་རྩལ་ལུས་སྦྱོང་ལ་ལྟ་བཞིན་སྡོད་ཀྱི་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་པ་རེད།
ཚང་མས་གླེང་བ།
བདེ་སྐྱིད་ནི་ལས་སླ་པོར་ཐོབ་མི་སྲིད་ལ། ཕུགས་འདུན་ནི་འཕྲལ་མར་འགྲུབ་མི་ཐུབ། སྤྱི་ཚོགས་རིང་ལུགས་ནི་འབད་བརྩོན་ལ་བརྟེན་ནས་བྱུང་བ་དང་། དུས་རབས་གསར་པ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
འབད་འཐབ་ཆེ་ཤོས་བྱས་ན་མི་སེམས་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། “བོད་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི”མཛད་རྗེས་རྡོ་རིང་ཐོག་གསར་འབྱེད་མཁན་གྱིས་རླུང་བརྟེན་རླབས་གཤགས་དང་ཞུམ་མེད་མདུན་སྐྱོད་བྱས་པའི་བྱས་རྗེས་བཀོད་པ་དང་། དངོས་སྒྲུབ་མཁན་གྱིས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པའི་ཉམས་འགྱུར་བཀོད་པ། འབད་འཐབ་མཁན་གྱིས་སྐྱ་རེངས་བསུ་བ་དང་ཕུགས་འདུན་དོན་གཉེར་བྱས་པའི་འགྲུལ་བཞུད་ལམ་ཚད་ཀྱི་དཔང་པོ་བྱས་ཡོད། འབད་འཐབ་བྱེད་མཁན་ཡར་ཐོན་དང་། འབད་འཐབ་བྱེད་མཁན་སྟོབས་ཆེན། འབད་འཐབ་བྱེད་མཁན་རྒྱལ་བ་བཅས་ཀྱི་དུས་རབས་ཀྱི་ངར་སྒྲ་དང་བསྟུན་པས། བདེ་སྡོད་ལས་བརྩོན་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། ཁྱིམ་གཞིས་མཛེས་སྡུག་བཅས་ཀྱི་བརྗིད་ཆགས་ཡིད་འོང་གི་འཆར་གཞི་འཛམ་གླིང་ཡང་རྩེར་བཀོད་ཡོད།
དེ་རིང་འབད་འཐབ་བྱས་པ་དེས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་ལམ་གཞི་བཏིང་། ལོ་བརྒྱའི་འབྲེལ་མཚམས་སུ་ཐབས་འགོད་ཇུས་འདོན་བྱེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱལ་ཡོངས་མི་དམངས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་རྒྱུར་སྐུལ་ལྕག་བྱེད་པའི་དུང་བརྡ་གསང་པོ་བསྒྲགས་པ་དང་། ཚད་ཤིང་གསར་པ་བཏོད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱེ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་སྐབས། 2020ལོ་ནས་2035ལོ་བར་དང་དེ་ནས་2050ལོ་བར། རླབས་ཆེན་གྱི་དམིགས་ཚད་ཀྱིས་མདུན་ཕྱོགས་སུ་འབོད་སྐུལ་བྱེད་བཞིན་ཡོད་པ་དང་། རྒྱ་ཆེ་ཞིང་ཁོད་སྙོམས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ང་ཚོའི་རྐང་འོག་ཏུ་ཡོད། ང་ཚོས་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་དར་སྤེལ་བཏང་ནས། སེམས་ཤུགས་གཅིག་སྒྲིལ་དང་། ཁ་ཕྱོགས་སྟངས་འཛིན། ངར་ཤུགས་འཕེལ་བ་བཅས་བྱས་ཏེ་ཕུགས་འདུན་བསུ་བཞིན་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་པ་དང་། དངོས་སྒྲུབ་མཐར་ཕྱིན་བྱེད་པ། དུས་རབས་ཀྱིས་དཀྲིས་པའི་ལས་འགན་ལྕི་པོ་འཁུར་ནས། རང་ཉིད་ལ་དབང་བའི་ངོ་མཚར་གཏོད་དགོས།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླར་ཡང་རྡོག་ཐོན་བྱེད་སྐབས། ང་ཚོར་དབུགས་ཧད་ནས་སྡོད་པའི་དུས་ཚོད་དང་ངལ་གསོ་བའི་ཁོམ་པ་མེད། རྒྱུན་སྲིང་ལྷོད་མེད་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་གོམ་པ་རེར་རྐང་རྗེས་རེ་ཡོད་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་མདུན་སྐྱོད་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱེད་ཐུབ།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣