སྟག་རྩེ་ཆུས་གཡུ་གཞོང་འཛུགས་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཕུར་བུ་ཚེ་རིང་གི་སྐོར་བཀོད་པ།
“ངའི་མིང་ལ་ཕུར་བུ་ཚེ་རིང་ཟེར། སྤྱི་ལོ་1967ལོར་སྟག་རྩེ་ཆུས་ཐང་དཀར་ཤང་ལོ་ཕུ་གསར་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ལ། ད་ལོར་ལོ་53ལ་སླེབས་ཤིང་། སྟག་རྩེ་ཆུས་གཡུ་གཞོང་འཛུགས་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སིའི་འགན་འཁུར་མཁན་ཡིན”ཞེས་ཕུར་བུ་ཚེ་རིང་གིས་ལག་གཉིས་ཀྱི་ཐལ་མོ་བྲང་ཁར་སྦྱར་ནས་གཉོམ་ཆུང་ངང་རང་ཉིད་ངོ་སྤྲོད་བྱས་པ་ལས། གསར་འགོད་པས་ཁོང་ནི་ཞིང་པའི་ཁྱིམ་ཚང་ཞིག་གི་བུ་ཕྲུག་ནས་དམངས་གཉེར་ཁེ་ལས་ཆེན་པོ་ཞིག་གི་སྦྱིན་བདག་ཏུ་གྱུར་པ་ཤེས་ཏེ། དེ་མུར་ཁོང་གི་བརྒྱུད་པའི་འདས་སོང་གི་མི་ཚེའི་ལམ་གྱི་གཏམ་རྒྱུད་སྐོར་བཅར་འདྲི་ཞིབ་ཕྲ་བྱས་པ་ཡིན།
སློབ་གྲྭར་འགྲོ་བའི་སྐལ་བ་ཆད་ན་ཡང་། བློ་གཤོག་ཡངས་པོས་ལག་ཤེས་སྦྱོང་བར་བསྐྱོད།
ཞོགས་པའི་ཉི་འོད་སྒེའུ་ཁུང་ནས་གཞུང་ལས་ཁང་གི་སྒྲོག་ཙེའི་ངོས་སུ་འཕྲོས་པས། ཁང་པ་ཧྲིལ་པོར་དྲོ་སྐྱིད་ཀྱིས་ཁེངས་ཤིང་། གྱང་ལྡེབས་སུ་བཀལ་བའི་གོས་དར་མང་པོར་ཉི་མའི་འོད་ཟེར་འཕྲོས་ནས་དམར་མདངས་ལྷག་ཏུ་རྒྱས། ཕུར་བུ་ཚེ་རིང་གིས་རང་ཉིད་ཀྱི་ལས་རྗེས་མཚོན་པའི་གོས་དར་དེ་དག་ལ་ལྟ་བཞིན་སེམས་རྣལ་དུ་ཕབ་ནས་བྱིས་དུས་ཀྱི་འཚོ་བར་དྲན་གསོ་བྱས།
ཕུར་བུ་ཚེ་རིང་ལྟེ་ཕྲག་འཕོས་སའི་ལོ་ཕུ་གསར་གྲོང་ཚོའི་འཚོ་རྟེན་གཙོ་བོ་ནི་ཞིང་ལས་ཡིན་མོད། བྱིས་པའི་དུས་སུ་གྲོང་ཚོའི་ཞིང་ལས་ཐོན་སྐྱེད་རྗེས་ལུས་ཡིན་སྟབས། ཁྱིམ་ཚང་གི་འཚོ་བ་དཀའ་ངལ་ཆེ་བའི་ཁར་བུ་ཕྲུག་མང་བས། ཕུར་བུ་ཚེ་རིང་མུ་མཐུད་སློབ་གྲྭ་འགྲིམ་པའི་བསྐལ་བ་བྱུང་མེད་ལ། སློབ་ཆུང་ལོ་རིམ་དྲུག་པ་ཐོན་རྗེས། ཁྱིམ་དུ་བསྡད་ནས་ཞིང་ལས་མི་བྱེད་ཀ་མེད་བྱུང་། ཕུར་བུ་ཚེ་རིང་གིས་ཕ་མ་དང་མཉམ་དུ་ཞིང་ལས་བྱས་ནས་ལོ་ཤས་སོང་ཡང་། ཁྱིམ་ཚང་གི་འཚོ་བ་ཡར་རྒྱས་གཏོང་མི་ཐུབ་པས། ཁོང་གི་སེམས་ལ་ཞིང་ལས་རྐྱང་པར་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་ལེགས་སུ་གཏོང་བ་ནི་ཉིན་མོའི་རྨི་ལམ་ལྟ་བུ་རེད་སྙམ་སྟེ། བློ་གཤོག་ཡངས་པོས་ཕ་མ་གཉིས་ལ་ཤིང་བཟོ་སྦྱོང་བར་འགྲོ་རྒྱུའི་གྲོས་འགོ་བཏོན། ཕ་མ་གཉིས་ཀྱིས་ཁོང་གི་གྲོས་འགོར་མོས་མཐུན་གནང་སྟེ། གྲོང་ཚོ་དེ་གའི་ཤིང་བཟོ་བ་ཞིག་གི་དགེ་ཕྲུག་ལ་མངགས།
ཁོང་གིས་ཤིང་བཟོ་བ་དེའི་དྲུང་དུ་ཤིང་བཟོའི་ལག་རྩལ་ལོ་བཞི་ཙམ་སྦྱངས་ཏེ། ཉིན་ཞིག་དགེ་རྒན་དང་མཉམ་དུ་ཐེངས་དང་པོར་གྲོང་ཚོ་ལས་བྲལ་ཏེ་རྫོང་གྲོང་དུ་ཤིང་བཟོ་བྱེད་པར་བསྐྱོད། ཐེངས་དེ་ནི་ཁོང་གི་ངོས་ནས་བཤད་ན། ཕྱི་ཡི་འཇིག་རྟེན་གྱི་ངོ་མཚར་ལ་ལྟད་མོ་ལྟ་བའི་གོ་སྐབས་ཤིག་དང་། རང་ཉིད་ཀྱིས་ལོ་བཞི་ཙམ་སྦྱངས་པའི་ཤིང་བཟོའི་ལག་རྩལ་ངོམ་པའི་གོ་སྐབས་ཤིག་ཡིན། ཡིན་ནའང་། གོ་སྐབས་དེས་ཁོང་ལ་སྦྱིན་པ་ནི་དགའ་ཚོར་དང་སྤོབས་སེམས་མ་ཡིན་པར། ཡིད་ཆད་དང་བསམ་གཞིག་རེད། གང་ལགས་ཤེ་ན། ཁོང་གིས་ལོ་བཞི་ཙམ་སྦྱངས་པའི་ཤིང་བཟོའི་ལག་རྩལ་དེ་ནི་རྫོང་གྲོང་གི་ཤིང་བཟོ་བ་གཞན་གྱི་མདུན་དུ་ངོམ་རིན་མེད་པའི་ཁར། ཐ་ན་སྦྱིན་བདག་གི་བློ་ཡང་མགུ་ཐུབ་ཀྱི་མེད་པས། མུ་མཐུད་ཤིང་བཟོ་བྱས་ན་ངེས་པར་དུ་ལག་རྩལ་གོང་མཐོར་གཏོང་དགོས་པའི་ངེས་ཤེས་རྙེད། དེ་ལྟར་ཁོང་གིས་རང་ཉིད་ཀྱི་འབྲེལ་བར་བརྟེན་ནས་ཚལ་གུང་ཐང་ཤང་གི་ཤིང་བཟོ་བ་ཞིག་གི་དྲུང་དུ་དགེ་ཕྲུག་དང་ལས་མི་གཅིག་ལྕོགས་བྱས་ནས་ལོ་གསུམ་བསྡད་ཅིང་། དེའི་རིང་ཁོང་གིས་ཕྱོགས་གཅིག་ནས་ཡོང་འབབ་བསགས་པ་དང་། ཕྱོགས་གཞན་ཞིག་ནས་ཤིང་བཟོའི་ལག་རྩལ་དང་ཁང་པའི་འཆར་འགོད་སྦྱངས་པ་རེད། “ཉིན་གླ་སྒོར་3དང་སྒོར་ཟུར་5བྱས་ནས་ལོ་གཉིས་སོང་རྗེས། རྒན་ལགས་ཁོང་གིས་ཁྱེད་རང་མི་གཤིས་རྒྱུད་དྲང་ཞིང་ལས་ཀ་ཧུར་པོ་འདུག་པས། ད་ནས་ཉིན་གླ་སྒོར་5དང་སྒོར་ཟུར་5ལ་སྤར་ཆོག་ཅེས་གསུངས་བྱུང”ཞེས་ཕུར་བུ་ཚེ་རིང་གིས་ཤངས་ཁར་ལས་མི་དང་དགེ་ཕྲུག་གཅིག་ལྕོགས་བྱེད་སྐབས་ཀྱི་འདས་དོན་བསྐྱར་དྲན་གྱིས་གླེང་སྐབས། ཁོང་གི་གདོང་ལ་སྒམ་ནན་གྱིས་ཁེངས་ཤིང་། ལག་གཉིས་ཡང་ནས་བསྐྱར་དུ་འཕུར་བའི་ཚུལ་ལས། མཚམས་དེར་ཁོང་གི་དྲན་པའི་ཀློང་དུ་སྔར་སོང་དཀའ་སྤྱད་འཚོ་བའི་སྣང་བརྙན་རླབས་རིས་བཞིན་འཕྱུར་བ་མིན་ནམ་སྙམ།
སྟག་ཤར་གཞོན་པས་ལག་ཤེས་ཨམ་ཐང་སྦྱངས། ཁྲོམ་རའི་དགོས་མཁོར་བསྟུན་ནས་ཁྱིམ་ཆས་བཙོངས།
ཁ་རྒྱུན་དུ་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་དང་མོ་ལོ་ལྔ་གསུམ་བཅོ་ལྔ་ཞེས་བརྗོད་པ་ལྟར། ཕོ་གཞོན་ཞིག་ཡིན་ཚེ་ལོ་བཅོ་བརྒྱད་ལ་སླེབས་སྐབས་ཁྱིམ་གཞིས་འཛིན་པའི་དུས་སུ་སླེབས། ཕུར་བུ་ཚེ་རིང་ཡང་སྔ་རྗེས་སུ་དགེ་རྒན་གཉིས་བསྟེན་ནས་ཤིང་བཟོར་སྦྱངས་པ་ཐོན་སྐབས། ཕོ་ལོ་བཅོ་བརྒྱད་ཡོལ་ནས་ཉི་ཤུའི་ལ་མོ་བརྒྱབ་ཟིན།
དུས་དེར་ཁོང་གིས་ཕོ་རབ་ཅིག་གི་བློ་རྒྱ་དང་མིག་རྒྱང་སྤྱད་ནས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འཁྲིས་སུ་ཁྱིམ་ཆས་ཚོང་ཁང་ཞིག་བཙུགས་པ་དང་། རང་ཉིད་ཀྱིས་ཁྱིམ་ཆས་བཟོས་ཏེ་བཙོངས་པ་རེད། ཁྱིམ་ཆས་ཚོང་ཁང་བཙུགས་པའི་ཐོག་མའི་དུས་སུ། ཚོང་ཁང་གི་གཞི་ཁྱོན་ཆུང་ཞིང་ཁྱིམ་ཆས་ཀྱི་སྣ་ཁ་ཉུང་བས། ཟླ་གཅིག་ལ་ཁེ་བཟང་སྒོར་བདུན་བརྒྱ་ཙམ་ལས་ཡོང་གི་མེད་མོད། འོན་ཀྱང་ཁོང་གིས་བཟོས་པའི་ཁྱིམ་ཆས་སྤུས་ཀ་དག་ཅིང་བཟོ་ལྟ་དཔེ་གསར་ཡིན་པས། ཉོ་མཁན་མང་པོས་དགའ་པོ་བྱེད་ཀྱི་ཡོད། “སྐབས་དེ་དུས། སྤྱིར་བཏང་བྱས་ན་ཉལ་ཁྲི་ཤུག་ལྕོག་ཅན་ཐོག་མར་བཟོ་མཁན་ང་ཡིན་གྱི་རེད”ཅེས་ཕུར་བུ་ཚེ་རིང་གིས་སྤོབས་སེམས་དང་བཅས་གསར་འགོད་པར་བརྗོད།
སྤུས་ཚད་དང་ཡིད་རྟོན་ནི་ཚོང་པའི་མ་རྩ་རེད། ཁྱིམ་ཆས་ཚོང་ཁང་བཙུགས་ནས་ལོ་གཅིག་ལྷག་ཕྱིན་པའི་ཉིན་ཞིག ཁྱིམ་ཆས་ཉོ་མཁན་ཞིག་གིས་ཕུར་བུ་ཚེ་རིང་ལ“ཁྱེད་ཀྱིས་ཁྱིམ་ཆས་སྤུས་ཀ་དག་པོ་བཟོས་འདུག གལ་སྲིད་མུ་མཐུད་ཁྱིམ་ཆས་བཟོས་ནས་ཚོང་ཁང་རྒྱ་ཆེ་རུ་གཏོང་འདོད་ཡོད་ན། དངུལ་ཁང་ནས་དངུལ་གཡར་ཆོག་གི་རེད”ཅེས་བརྗོད་དེ། དངུལ་ཁང་ནས་དངུལ་གཡོར་ལུགས་གཡོར་སྟངས་བསླབས་པ་རེད། སེམས་བཟང་ཅན་ལ་ལམ་འགྲོ་རྒྱུག་ཅེས་པ་ལྟར། ཁྱིམ་ཆས་ཉོ་མཁན་དེ་ནི་སྐབས་དེ་དུས་ཀྱི་ལྷ་ས་གྲོང་ཁྱེར་གྲོང་ནུབ་ཞིང་ལས་དངུལ་ཁང་གི་ལས་དོན་པ་རྐང་བཙུགས་ཡིན་ཞིང་། ཁོང་གི་རོགས་རམ་དང་ངོ་སྤྲོད་འོག ཕུར་བུ་ཚེ་རིང་གིས་ལྷ་ས་གྲོང་ཁྱེར་གྲོང་ནུབ་ཞིང་ལས་དངུལ་ཁང་ནས་སྒོར་ཁྲི་ལྔ་གཡར་ཏེ་ཁྱིམ་ཆས་ཚོང་ཁང་རྒྱ་ཆེར་བཏང་བ་རེད། “དེ་ནས་ཚོང་ཁང་ཁང་མིག་གཉིས་ཟིན་པ་མ་ཟད། སྦག་ལྕོག་དང་། ཉལ་ཁྲི། ཆ་སྒམ་ལ་སོགས་ཁྱིམ་ཆས་ཀྱི་རིགས་ཀྱང་མང་དུ་བཏང་བས། ལོ་གཅིག་ལ་ཁེ་བཟང་སྒོར་ཁྲི་གསུམ་ནས་ལྔ་བར་རག་བྱུང”ཞེས་ཕུར་བུ་ཚེ་རིང་གིས་ལག་གཡོན་པས་ལག་གཡས་པར་འཕུར་བཞིན་བརྗོད་པས། གསར་འགོད་པས་ཁོང་གི་ལག་གཡས་པའི་གོང་མཛུབ་ཆད་མ་ཡིན་པ་ཤེས་ཤིང་། དེ་རྐྱེན་སྐད་ཆ་འདྲི་སྐབས། ཤིང་བཟོ་བྱེད་སྐབས་སྟབས་མ་ལེགས་པར་ལག་ཆའི་འོག་ཏུ་ཤོར་བ་ཤེས། དེ་ལྟར་རང་གི་ལུས་ཀྱི་ཆ་ཤས་ཀྱང་ལས་ཀའི་དོན་དུ་ཤོར་ཡང་ཁོང་གི་བྱ་གཞག་གཏོད་པའི་སེམས་ཤུགས་ཉམས་མེད།
བློ་དང་རྩལ་ལག་འཛོམས་པའི་སྐྱེ་བོ་ཡིས། བྱ་གཞག་གཏོད་པའི་གོ་སྐབས་ཅི་ལ་འཕྱུགས།
ཡུལ་དུས་ཀྱི་གནས་བབ་རྟོགས་པ་ནི་ཚོང་པར་འཛོམ་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ལ། ཕུར་བུ་ཚེ་རིང་གིས་ཀྱང་ཡུལ་བབ་དང་བསྟུན་ནས་བྱ་གཞག་རྒྱ་སྐྱེད་བཏང་། ཁོང་གིས་ལོ་གཅིག་ལ་ཁེ་བཟང་སྒོར་ཁྲི་བདུན་ལྷག་ཙམ་ཡོད་པའི་ཁྱིམ་ཆས་ཚོང་ཁང་གཅིག་པུར་ཡིད་ཚིམ་ནས་མ་བསྡད་པར། སྲིད་ཇུས་བཟང་པོའི་ཁེ་ཕན་ལོངས་སུ་སྤྱད་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ཡར་སྔོན་ཁང་པ་འཆར་འགོད་བྱེད་སྟངས་སྦྱངས་པའི་ལག་རྩལ་སྤྱད་ནས་སྒེར་ཁང་ཨར་སྐྲུན་འགན་གཙང་བླངས་ཏེ། ལྷ་ས་གྲོང་ཁྱེར་ཀུན་བདེ་གླིང་ཁུལ་དུ་སྔ་ཕྱིར་སྒེར་ཁང་གསུམ་བརྒྱབ་པ་རེད། “མ་གཞི་སྒེར་ཁང་བརྒྱབ་པར་ཁེ་བཟང་མེད་པ་མིན་ཡང་རང་གི་སེམས་ལ་བསམས་པའི་ཁེ་བཟང་རག་གི་མི་འདུག”ཅེས་ཕུར་བུ་ཚེ་རིང་གིས་བརྗོད།
ཁེ་བཟང་མེད་ན་ཚོང་ལས་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་དབེན། དེ་ཕྱིར་ཕུར་བུ་ཚེ་རིང་གིས་སྒེར་ཁང་རྒྱག་པའི་ལས་ཀ་མཚམས་བཞག་ནས། ཨར་པོའི་རུ་ཁག་ཅིག་བཙུགས་ཏེ། གཞུང་གི་ལས་གྲྭ་འགན་གཙང་ལེན་འགོ་ཚུགས་པ་རེད།
ཐོག་མར་ཁོང་གིས་སྟག་རྩེ་ཆུས་ཀྱི་ཤང་ཁག་གཅིག་གི་ལས་ཤག་འཛུགས་སྐྲུན་གྱི་རྣམ་གྲངས་འགན་གཙང་བླངས་ཤིང་། ཨར་པོའི་སྤུས་ཚད་དང་ལེགས་གྲུབ་ཀྱི་དུས་ཚོད་སོགས་ལ་འབྲེལ་ཡོད་འགོ་ཁྲིད་བློ་མགུ་པོ་བྱུང་བར་བརྟེན། ཐེངས་དེའི་རྣམ་གྲངས་ལས་ཁོང་ལ་ཁེ་བཟང་སྒོར་ཁྲི་ཉི་ཤུ་ཙམ་བྱུང་བའི་ཁར། སྟག་རྩེ་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་ཡིད་ཆེས་ཀྱང་ཐོབ་པ་རེད།
མ་དངུལ་གྱི་གདེང་ཚོད་དང་ཐུགས་ཁུར་གྱི་སྟོབས་ཤུགས་འོག ཕུར་བུ་ཚེ་རིང་གིས་སྤྱི་ལོ་2005ལོར་ཐོ་འགོད་མ་དངུལ་སྒོར་ཁྲི་བརྒྱད་བརྒྱ་ཟིན་པའི་སྟག་རྩེ་ཆུས་གཡུ་གཞོང་འཛུགས་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་རེད། ཀུང་སི་བཙུགས་རྗེས། ཁོང་ལ་རྒྱལ་ལམ་318རྒྱུད་ཀྱི་ཁང་པ་དང་གཞུང་ལམ། སྒྲིག་ཆས་སོགས་ལ་མཛེས་བཟོ་དང་སྒྱུར་བཀོད་བྱེད་པའི་ལས་གྲྭ་ཞིག་རག་ཅིང་། ལས་གྲྭ་དེ་བསྡུད་མར་ལོ་གསུམ་བསྒྲུབས་རྗེས་ཁོང་ལ་ཁེ་བཟང་སྒོར་ཁྲི་ཉིས་བརྒྱ་ལྷག་ཙམ་རག་ནས་ཀུང་སིའི་རྩ་བ་ཡོངས་སུ་ཚུགས། ཁོང་གིས་ཀྱང་རྔ་ལ་བསྟུན་ནས་འཆམ་འཁྲབ་སྟེ། སྔ་ཕྱིར་འདམ་བག་གཡོ་ས་དང་། བྱེ་མ་སྔོག་ས་སོགས་བསྐྲུན་པས། སྤྱི་ཚོགས་འཕེལ་རྒྱས་དང་འགྲོགས་ནས་ཕྱོགས་མང་པོའི་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ་དང་སྦྲགས་ཁོང་གི་ཀུང་སིའི་ཚོང་ལས་ཉིན་བཞིན་འཕེལ་བ་རེད།
ད་ལྟ་སྟག་རྩེ་ཆུས་གཡུ་གཞོང་འཛུགས་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སིའི་ཐོ་འགོད་མ་དངུལ་སྒོར་ཁྲི་5000དང་། གཏན་འཇགས་མ་དངུལ་སྒོར་ཁྲི་3500དང་། འགྲོ་རྒྱུག་མ་དངུལ་སྒོར་ཁྲི་1500བཅས་ཟིན་ཞིང་། ཀུང་སིའི་རྒྱ་ཁྱོན་སྨི་ངོས་གྲུ་ཉིས་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་པ་དང་། ཀུང་སིའི་གཤམ་འོག་ཏུ་ཁྱིམ་ཆས་བཟོ་གྲྭ་དང་། འདམ་བག་གཡོ་ས། བྱེ་མ་སྔོག་ས། དེ་བཞིན་ས་ཁང་ཐོན་ལས་སོགས་ཡོད་ཅིང་། གཏན་འཇགས་ལས་མི་150ལྷག་ཙམ་དང་། གཏན་འཇགས་མིན་པའི་ལས་མི་300ལྷག་ཙམ་ཡོད།
ཐོག་མའི་བསམ་འདུན་མ་བརྗེད་སྙིང་ཁར་བཅངས། གཞན་ཕན་ལྷག་བསམ་དཀར་བའི་བྱ་བཟང་བསྒྲུབས།
ཉ་མོ་རྐྱལ་རྩལ་རྫོགས་པ་ཆུ་མོའི་དྲིན། ནོར་ལུག་ཤ་ཤེད་རྒྱས་པ་རྩྭ་ཁའི་དྲིན་ཞེས་བརྗོད་པ་ལྟར། ཕུར་བུ་ཚེ་རིང་གིས་རང་ཉིད་ཕྱུག་པོ་ཆགས་རྗེས་ཕ་ཡུལ་གྱི་ཡུལ་མི་བརྗེད་མེད་ལ། རང་ཉིད་ཆུང་བྱིས་པའི་དུས་ཀྱི་དཀའ་སྡུག་འཚོ་བ་ཡིད་ལ་བཅངས་ཏེ། ཕ་ཡུལ་གྱི་སློབ་གསོའི་བྱ་གཞག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་རིང་རང་ཉིད་ཀྱི་ནུས་ཤུགས་སྐྱེས་སུ་ཕུལ་ཡོད།
བཅར་འདྲི་བྱེད་སའི་གཞུང་ལས་ཁང་གི་གྱང་ངོས་སུ་བཀལ་བའི་གོས་དར་དེ་དག་ནི་ཁོང་གིས་ལོ་མང་རིང་བྱ་བཟང་བསྒྲུབས་པའི་དཔང་རྟགས་གསོན་པོ་ཡིན་ཞིང་། ཁོང་གིས་གྱང་ངོས་སུ་གཟིགས་བཞིན་འདས་དོན་མང་པོར་བསྐྱར་དྲན་བྱས།
སྟག་རྩེ་རྫོང་ཐང་དཀར་ཤང་སློབ་ཆུང་ནི་ཕུར་བུ་ཚེ་རིང་གི་ཕ་ཡུལ་གྱི་སློབ་གྲྭ་ཡིན་པ་དང་། སློབ་ཆུང་དེ་སྟག་རྩེ་ཆུས་སློབ་ཆུང་དང་ཟླ་སྒྲིལ་མ་བཏང་གོང་དུ། ཁོང་གིས་དུས་ཡུན་ལོ་ལྔར་ཉེ་བའི་རིང་ལོར་སྒོར་ཁྲི་གསུམ་ནས་ལྔ་བར་བཏང་སྟེ་སློབ་ཕྲུག་ཡོངས་ལ་སློབ་གོས་ཆ་ཚང་ཉོས་པ་མ་ཟད། སློབ་མའི་འཚར་ལོངས་ལ་སྨན་པའི་ཁོར་ཡུག་ཅིག་སྐྲུན་ཆེད། མ་དངུལ་སྒོར་ཁྲི་ཉི་ཤུ་ལྷག་ཙམ་བཏང་ནས་སློབ་གྲྭའི་བྱེད་སྒོ་སྤེལ་སའི་ཐོག་ཁང་ཞིག་བསྐྲུན་པ་རེད། རང་ཉིད་ཀྱིས་ཕ་ཡུལ་གྱི་སློབ་གསོར་སྨན་པའི་ལེགས་སྐྱེས་དེ་ལྟར་ཕུལ་བའི་སྐོར་གླེང་སྐབས། ཁོང་གིས་སྐབས་དང་མཚམས་སུ་ཁ་པར་ཁ་ཕྱེ་ནས་ང་ཚོར་སློབ་མར་སློབ་གོས་སྤྲོད་སྐབས་ཀྱི་པར་མང་པོ་ཞིག་བསྟན་བྱུང་། དོན་དུ“ཕན་ཚུན་མཛའ་སེམས་བརྒྱུད་ན། ལྷད་མེད་ཀྱི་བརྩེ་སེམས་ནམ་ཡང་གནས”ཞེས་སྟག་རྩེ་རྫོང་བསམ་གྲུབ་གླིང་ཆ་ཚང་སློབ་ཆུང་གིས་ཁོང་ལ་ཕུལ་བའི་གོས་དར་དེ་དག་ནི་ཁོང་གིས་ཕ་ཡུལ་གྱི་སློབ་གསོར་ཕུལ་བའི་ལེགས་སྐྱེས་ཀྱི་བདེན་དཔང་ཡིན།
དེས་མ་ཚད་ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི་ལས་འགུལ་ལ་ཞུགས་ཏེ། སྤྱི་ལོ་2015ལོ་ནས་2018ལོའི་བར་སྟག་རྩེ་ཆུས་བསམ་གྲུབ་གླིང་གྲོང་ཚོའི་ཡིག་ཚགས་དང་གྰ་བཟོས་པའི་དུད་ཚད་30ལ་ལོ་ལྔ་ཡི་རིང་ཁྱོན་སྒོར་ཁྲི་50ལྷག་ཙམ་རོགས་སྐྱོར་བྱས་པ་མ་ཟད། དུད་ཚང་དབུལ་པོ་ཁག་གཅིག་རང་ཉིད་ཀྱི་ཀུང་སིའི་ལས་མིར་བསྡུས་ནས་ཟླ་རེར་གླ་ཆ་སྒོར་5000ནས་7000སྤྲོད་ཀྱི་ཡོད་པ་རེད།
བརྩེ་སེམས་ལ་མུ་མཐའ་མེད་ཅེས་པའི་ཚིག་དེ་ཕུར་བུ་ཚེ་རིང་ལ་སྦྱར་ན་ལྷག་པར་འཚམ། གསར་འགོད་པས་ཁོང་ལ་བྱ་བཟང་དེ་དག་བསྒྲུབས་པའི་ཐོག་མའི་ཀུན་སློང་ཇི་ལྟར་བྱུང་མིན་འདྲི་སྐབས་ཁོང་གིས། ང་རང་ཆུང་དུས་ཀྱི་འཚོ་བ་སྐྱོ་པོ་ཡིན། དེར་བརྟེན། ངས་ཆུང་དུས་ཀྱི་དཀའ་སྡུག་བསམས་ནས་གཞན་ལ་རོགས་རམ་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
བཅར་འདྲི་མཇུག་འགྲིལ་ནས་གསར་འགོད་པ་ཀུང་སིའི་གཞུང་ལས་ཁང་གི་སྒོ་འགྲམ་དུ་སླེབས་སྐབས། དེ་གར་ན་གཞོན་ཞིག་དང་འཕྲད་ཅིང་། ན་གཞོན་དེ་ནི་ཏག་ཏག་ཁོང་གི་ཀུང་སིའི་ལས་མི་སྟེ། སློབ་ཆེན་ཐོན་པའི་སློབ་མ་ཀུན་དགའ་རྣམ་རྒྱལ་རེད་འདུག “ང་ནི་སྤྱི་ལོ་2018ལོར་ཅང་ཤིས་གྱོན་གོས་སློབ་གླིང་ནས་ཐོན་རྗེས། གཞུང་ལས་པའི་ཡིག་རྒྱུགས་མ་ལོན་པས་ཀུང་སི་འདིར་ལས་ཀར་ཡོང་བ་ཡིན། ད་ཆ་ཟླ་རེར་གླ་ཆ་སྒོར་5500ལྷག་ཙམ་ཡོད་པ་མ་ཟད། ད་དུང་སྤྱི་ཚོགས་འགན་བཅོལ་ལྔ་དང་སྤྱི་གསོག་མ་དངུལ་ཀྱང་ཡོད་པའི་ཁར། ཀུང་སིས་སྡོད་ས་དང་ཁ་ལག་མཁོ་འདོན་བྱེད་ཀྱི་འདུག”ཅེས་ད་ལྟ་ཀུང་སིའི་འདམ་བག་གཡོས་སྦྱོར་གྱི་འགན་འཁུར་བཞིན་ཡོད་པའི་ཀུན་དགའ་རྣམ་རྒྱལ་གྱིས་སྤོབས་སེམས་ཆེན་པོས་བརྗོད་ཅིང་། ཤེས་རྟོགས་བྱས་པ་བརྒྱུད། སྟག་རྩེ་ཆུས་གཡུ་གཞོང་འཛུགས་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སིར་ཁོང་དང་འདྲ་བའི་སློབ་ཆེན་ཐོན་པའི་གཏན་འཇགས་ལས་མི་དྲུག་ཡོད་པ་དང་། གཏན་འཇགས་མ་ཡིན་པའི་ལས་མི་300ལྷག་ཙམ་གྱི་ཁྲོད་སློབ་ཆེན་ཐོན་པའི་སློབ་མས་ཕྱེད་ཀ་ལྷག་ཙམ་བཟུང་གི་ཡོད་པ་རེད།
འདི་ནི་ཕུར་བུ་ཚེ་རིང(གཡས་ཀྱི་དང་པོ)གིས་བྱེ་མ་སྔོག་སར་བསྐྱོད་ནས་ལས་མིར་ལས་ཀའི་གནས་ཚུལ་འདྲི་བཞིན་པ།
འདི་ནི་ཀུང་སིའི་གྲོས་ཚོགས་ཁང་གི་གྱང་ལྡེབས་སུ་བཀལ་བའི་གོས་དར་ཡིན་པ།
འདི་ནི་སྟག་རྩེ་ཆུས་གཡུ་གཞོང་འཛུགས་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སིའི་གཤམ་འོག་གི་ས་ཁང་ཐོན་ལས་ཀྱི་ཁང་པ་ཡིན་པ།
(བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལྕང་བུ་ཆུང་། ཕུན་ཚོགས་ཉི་སྒྲོན། སྤེན་པ)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣