དབུ་ཤོག>ཞིང་འབྲོག་གསར་པ།
  • ཚང་མ་ལས་ཞུགས་ཐུབ། ཡོང་འབབ་ཉིན་བཞིན་འཕར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-18

    ཞོགས་པར་ནམ་ལངས་མ་ཐག་ཏུ་བྱིའུ་ཆུང་གི་སྐད་སྙན་དང་སྦྲགས་ནས། ཉང་ཆུ་གཙང་པོའི་ངོགས་སུ་གནས་པའི་བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོས་ཉིན་གསར་པ་བསུ་འགོ་ཚུགས། ཁྱིམ་ཚང་ཚང་མའི་དུ་ཁུང་ནས་དུ་བ་ལང་ལོང་དུ་འཕྱུར་ཞིང་། འབྲི་གཡག་དང་། ཁྱི། ཕག་ཕྲུག་བཅས་ཀྱི་ཟང་ཟིང་གི་སྒྲ་ཡང་གྲོང་ཚོའི་གང་སར་ཁྱབ་བྱུང་། 

    ད་ཆའི་བཅུ་འཕར་གྲོང་ཚོའི་མང་ཚོགས་ཚོའི་ངོས་ནས་བརྗོད་ན་ལས་བྲེལ་ཆེ་བ་ནི་འཚོ་བའི་གོམས་གཤིས་སུ་གྱུར། ཐོག་མར་གཉིད་ལས་སད་པ་ནི“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི་ཚེ་རིང་དབང་མོ་ཡིན་ཞིང་། མལ་ལས་ལངས་རྗེས་ཁོ་མོས་རང་ཁྱིམ་གྱི་ཕྱི་ནང་ཀུན་ལ་གཙང་སྦྲ་ཡག་པོ་བྱས་པ་རེད། “དེ་རིང་ངས་གྲོང་ཚོའི‘གཉིས་ལྡན་དུད་སྦྲེལ’གྱི་ཁོངས་མི་སྒྲིག་འཛུགས་བྱས་ནས་ཞིང་ནང་གི་འབྲི་ཏ་ས་འཛིན་ལ་ཆུ་གཏོང་བ་དང་རྩྭ་ངན་འཐུ་བར་འགྲོ་རྩིས་ཡོད། ང་ད་རང་ཆུ་ཚོད་དྲུག་པར་ཡར་ལངས་པ་ཡིན”ཞེས་ཚེ་རིང་དབང་མོས་ནམ་ལངས་མ་ཐག་སྐད་འཕྲིན་ཚོགས་པའི་ནང་བརྡ་ཐོ་བཏང་བ་དང་། དུད་སྦྲེལ་ཚན་པའི་ཁོངས་མི་བསྐངས་ནས་ཞིང་ལས་བྱེད་པར་འགྲོ་རྩིས་བྱས།

    འབྲི་ཏ་ས་འཛིན་ནི་བཅུ་འཕར་གྲོང་ཚོའི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། བཅུ་འཕར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས“དེ་སྔ་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་ས་བོན་ཚང་མ་ལེ་དབར་སྟོང་གི་སར་ཡོད་པའི་ཧོ་ནན་ནས་ཉོས་པ་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་མཛུབ་ཁྲིད་འོག་གྲོང་ཚོའི་ནང་དུ་འབྲི་ཏ་ས་འཛིན་གྱི་ས་བོན་སྐྱེད་སྲིང་ཐུབ་ཡོད། རྣམ་གྲངས་དེ་ཁོ་ན་ལས་གྲོང་ཚོས་ལོ་ལྟར་སྒོར་ཁྲི་178གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་བརྗོད། ཕྱུག་འགྱུར་ཐབས་བཟང་རྙེད་པས་ཚང་མའི་འབད་འབུངས་ཀྱི་ཧུར་སེམས་ཀྱང་ཆེས་ཆེར་འཕར་ལ། སྔ་དྲོའི་ཆུ་ཚོད་8པ་ཙམ་དུ“གཉིས་ལྡན་དུད་སྦྲེལ”གྱི་ཁོངས་མི་ཚང་མས་རང་འགུལ་ངང་གྲོང་མདའ་རུ་འཛོམས་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་བརྩམས།

    ཚེ་རིང་དབང་མོ་དང་འདྲ་བར་ཞོགས་སྔ་མོ་ནས་ལངས་ཏེ་ངལ་རྩོལ་ལ་འཇུག་མཁན་ད་དུང་ལྷག་སྒྲོན་ཡོད་ལ། ཁོ་མོས་སྤྱི་ལེ་3ཙམ་གྱི་སར་ཡོད་པའི་དགུང་ཚང་གྲོང་རྡལ་དུ་ཇ་ཁང་ཞིག་བཙུགས་ཡོད། ལྷག་སྒྲོན་གྱིས་དགའ་སྤྲོའི་ངང“རྒྱུན་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཇ་ཁང་དུ་ལས་ཀ་བྱེད་དགོས་པས་ཁྱིམ་ལ་གཙང་སྦྲ་བྱེད་ཁོམ་མེད། ཁ་སང་གི་ཕྱི་དྲོར་ངས་ཆེད་མངགས་སྔ་པོ་ནས་ལས་ཐག་བཅད་དེ་ཁང་པའི་ཕྱི་ནང་ཚང་མར་གཙང་སྦྲ་བྱས་པ་ཡིན། དེ་རིང་ཞོགས་པར་སྔ་པོ་ནས་གྲོང་རྡལ་དུ་ལོག་གི་ཡིན། ཇ་ཁང་གི་ཚོང་ལ་འཐུས་ཤོར་བཏང་ན་ག་ལ་འགྲིག”ཅེས་བརྗོད།

    “ད་འགྲོ། ད་འགྲོ”ཞེས་ཞོགས་པའི་ཆུ་ཚོད་བདུན་པ་ཡོལ་མ་ཐག་ཞོགས་ཟས་སྟབས་བདེ་ཞིག་བཟས་པའི་བཀྲ་ཤིས་ཚེ་རིང་གིས་རང་གི་རོགས་པ་ཉི་མ་དོན་གྲུབ་ལ་བྲེལ་བ་སྐུལ། ཉེ་དུས་བར་ཐག་སྤྱི་ལེ་100ལྷག་ཙམ་གྱི་སར་ཡོད་པའི་ཀོང་པོ་རྒྱ་མདའ་རྫོང་གི་ལས་ཡུལ་ཞིག་ཏུ་ལས་མི་བསྡུ་བཞིན་པའི་སྐོར་ཤེས་མ་ཐག་བཀྲ་ཤིས་ཚེ་རིང་དང་ཉི་མ་དོན་གྲུབ་ཀྱིས་ཉིན་ཤས་རིང་ལས་ཀ་བྱས་ནས་ཁྱིམ་ལ་ཡོང་འབབ་གསོག་རྒྱུའི་འཆར་གཞི་བཀོད་པ་རེད། “ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་སྲིད་ཇུས་དང་ཆ་རྐྱེན་བཟང་པོ་དེ་འདྲ་གནང་བས་ང་ཚོས་དེ་བས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོས་ངེས་རེད། གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པས་ང་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས”ཞེས་བཀྲ་ཤིས་ཚེ་རིང་གིས་བརྗོད།

    འབྲི་གཡག་དང་ཕག་པ་རིར་དེད་པ་དང་ཕྲུ་གུ་ཚོ་སློབ་གྲྭར་བསྐྱལ་རྗེས་རྒན་རྒོན་ཚོའང་རང་རང་གི་ལས་ཀར་གཞོལ་འགོ་ཚུགས་ལ། དུས་ཐུང་གི་འཁྲུག་ཆའི་རྗེས་སུ་གྲོང་ཚོ་ཧྲིལ་པོ་སླར་ཡང་དབེན་འཇགས་པར་གནས་ཤིང་། གྲོང་ཚོའི་སྒོ་འགྲམ་གྱི་ལས་རེས་མི་སྣ་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ཁ་ཤས་ཕུད་ལས་ཀ་ཅི་ཡང་མེད་པར་དུས་འདའ་བར་བྱེད་མཁན་མཐོང་དཀོན་པར་གྱུར།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན་འཇིག་རྟེན་འདི་ན་དཀའ་བ་མེད། ལེ་ལོ་སྒྱིད་ལུག་ནི་ཅི་བྱས་ཐམས་ཅད་ཕམ་པའི་རྒྱུ་ཞེས་པ་ལྟར། བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་དགོས། བཅུ་འཕར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དབྱང་ཡུས་ཆང་གིས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་ཤས་རིང་། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་དཔེ་མཚོན་སྣེ་ཁྲིད་དང་གོ་སྐོན་སློབ་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཚོས་རང་རྟོགས་ངང“ངལ་རྩོལ་ནི་གཟི་བརྗིད་དང་ལེ་ལོ་ནི་ངོ་ཚ་ཡིན་པའི”འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། དེང་གི་ཆར་ཐོན་སྐྱེད་དང་ཁེ་བཟང་རག་ཐབས་ལ་བྲེལ་བ་ནི་བཅུ་འཕར་གྲོང་ཚོའི་མང་ཚོགས་ཚོའི་རང་རྟོགས་སུ་གྱུར་ནས་ཁྱིམ་ཚང་ཚང་མའི་འཚོ་བའི་ཆ་རྐྱེན་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད། 2019ལོར་བཅུ་འཕར་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.81ཟིན་པའི་རྨང་གཞིའི་ཐོག གྲོང་ཚོས་མང་ཚོགས་ཀྱི་ལས་ཞུགས་འདུ་ཤེས་སྒྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་དང་ཚང་མ་ཕྱིར་གླ་པར་བསྐྱོད་དེ་ངལ་རྩོལ་ནུས་ཤུགས་ལྷག་མ་རྒྱུན་མཐུད་གཞན་སྒྱུར་ཐུབ་རྒྱུར་སྐུལ་མ་བཏང་བ་རེད། འདི་ལོར་བཅུ་འཕར་གྲོང་ཚོར་རྟག་ཏུ་ཕྱིར་གླ་པར་སྐྱོད་མཁན་24ཟིན་པ་དང་ལོར་ཡོང་འབབ་སྒོར་ཁྲི་250ཙམ་བྱུང་ཡོད། ངལ་ནུས་ལྷག་མ་རྣམས་དྲོད་ཁང་ཆེ་མོའི་གཉེར་སྐྱོང་དོ་དམ་དང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པར་བྲེལ་ནས་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཞུགས་ཐུབ་པས། མིག་སྔར་བཅུ་འཕར་གྲོང་ཚོ་འདི་ཉིད་ཚང་མ་ལས་ཞུགས་ཐུབ་ལ། ཉིན་བཞིན་ཡོང་འབབ་འཕར་ནས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།