དབུ་ཤོག>ཞིང་འབྲོག་གསར་པ།
  • ​དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གྱི་འབྲོག་པ་བཀྲ་ནོར་གྱི་དངོས་སྒྲུབ་ཕྱུག་འགྱུར་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-08

    འདི་ལོ་ལོ་53སླེབས་པའི་བཀྲ་ནོར་དེ་སྔོན་དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་རབ་ཁ་ཤར་མ་གྲོང་ཚོའི་འབྲོག་པ་ཞིག་རེད། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དང་འཚོ་གནས་ཁོར་ཡུག་ཞན་པའི་ཁར། མང་ཚོགས་ཁག་གཅིག་ལ་སྒོ་ཕྱུགས་མེད་ལ་སྡོད་ཁང་གི་ཆ་རྐྱེན་ཞན་སྟབས། 2001ལོའི་ཟླ་10པར་རྫོང་སྲིད་གཞུང་གི་སྒྲིག་འཛུགས་འོག རབ་ཁ་ཤར་མ་གྲོང་ཚོའི་འབྲོག་པ་མང་ཚོཌ་གཅིག་སྡུད་གནས་སྤོ་བའི་ཐོག་ནས་ཕུར་བུ་གྲོང་རྡལ་སྐྱིད་སྦུག་མདོ་སྡེ་ཁུལ་གྲོང་ལྷན(རྫོང་གྲོང་གནས་ཡུལ)དུ་སྤོས་པ་དང་། དུས་དེ་ནས་བཟུང་བཀྲ་ནོར་གྱི་ཁྱིམ་ཚང་ཡང་མིང་དོན་མཚུངས་པའི“གྲོང་ཁྱེར་བ”ཞིག་ཏུ་གྱུར་ཡོད།

    སྡོད་ཁང་གསར་པར་སྤོས་པ་དང་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་མོད། འོན་ཀྱང་བཀྲ་ནོར་སྔར་རྒྱུན་བཞིན་ཉལ་བའི་གཉིད་དང་བྲལ་ཞིང་། ཁོང་གིས་རྟག་ཏུ“རྫོང་གྲོང་གི་འཚོ་བ་སྐྱིད་མོད། འོན་ཀྱང་ང་ནི་སྔར་བཞིན་འབྲོག་པ་དབུལ་ཕོངས་དེ་ཡིན”ཞེས་དབུགས་རིང་གཏོང་གི་ཡོད།

    དཔལ་མགོན་རྫོང་ནི་ནག་ཆུ་གྲོང་ཁུལ་དང་ནག་ཆུའི་ནུབ་རྒྱུད་རྫོང་གཉིས་འབྲེལ་བའི་འགྲིམ་འགྲུལ་གྱི་འགྲོ་ལམ་གཙོ་བོ་ཞིག་རེད་ལ། ཟོག་འདྲེན་རླངས་འཁོར་སྣ་ཚོགས་རྒྱལ་ལམ་317བརྒྱུད་གྲོང་ཁུལ་ནས་ནུབ་རྒྱུད་རྫོང་དུ་ཕར་འགྲོ་ཚུར་འོང་བྱེད་པའི“བར་བརྒྱུད་ས་ཚིགས”ཤིག་ཀྱང་རེད། དེས་ན་དཔལ་མགོན་རྫོང་གི་རླངས་འཁོར་ཉམས་བཟོ་ལས་རིགས་ཀྱང་དེ་དང་བསྟུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། བཀྲ་ནོར་གྱིས་བསམ་བློ་ཞིབ་ཕྲ་བཏང་སྟེ་ནང་མི་དང་གྲོས་བསྡུར་བྱས་མཐར། རླངས་འཁོར་ཉམས་བཟོ་ཁང་དུ་ལས་ཀར་འགྲོ་རྒྱུའི་སེམས་ཐག་བཅད། “དེ་ག་ནས་ཁྱིམ་ཚང་གི་འགྲོ་སོང་ཏོག་ཙམ་གསོག་ཐུབ་ཀྱི་འདུག་ལ་ལག་རྩལ་ཡང་ཤེས་ཀྱི་འདུག”ཅེས་ཁོང་གིས་བཤད།

    ཉིན་ལྟར་ཞོགས་པ་སྔ་པོ་ནས་བཀྲ་ནོར་གྱིས་རླངས་འཁོར་ཉམས་བཟོ་ཁང་དུ་བསྐྱོད་དེ་གཙང་སྦྲ་བྱེད་པ་དང་། བསྡུ་གསོག་རྒྱག་པ། རླངས་འཁོར་བཟོ་སྟངས་སྦྱོང་བ་ལ་སོགས་བྱས་ནས་སེམས་རྩ་འཁོལ་པོས་རླངས་འཁོར་བཟོ་བར་ཡོང་མཁན་བསུ་གྱིན་ཡོད། དེ་ལྟར་རིམ་བཞིན་ཁོང་ལ་རྟག་ཏུ་ལས་དོན་ཁག་གི་དཔྱད་ཞིབ་ཀྱི་ཨང་དང་པོ་ཐོབ་པ་དང་། ཁོང་གི་ལས་བརྩོན་ལས་བཀུར་དང་། ཏན་ཏན་ཏིག་ཏིག ལས་ཀ་ཧུར་བ་བཅས་ལ་སྦྱིན་བདག་གི་ཡིད་ཆེས་ཐོབ་པ་མ་ཟད། རིམ་བཞིན་རླངས་འཁོར་བཟོ་མཁན་གཞན་དག་གི་ས་ནས་ཀྱང་རླངས་འཁོར་བཟོ་སྟངས་སྣ་ཚོགས་སྦྱངས་ནས་ལག་རྩལ་ཐད་རང་མགོ་ཐོན་པར་གྱུར་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། ད་དུང་དངུལ་ཡང་མི་ཉུང་བ་ཞིག་བསགས་ཡོད།

    2016ལོའི་ཟླ་དང་པོར་ས་གནས་དེ་གའི་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་རོགས་རམ་ལས་བཀྲ་ནོར་ལ་བསམ་ཚུལ་གསར་པ་ཞིག་བྱུང་བ་སྟེ། ད་ཆ་རྒྱལ་ཁབ་ཀྱིས་འབྲོག་པར་དམིགས་ནས་སྲིད་ཇུས་ཡག་པོ་འདི་འདྲ་བཟོས་པས་རང་ཉིད་ཀྱིས་ལས་གཏོད་ཚོགས་པ་ཞིག་བཙུགས་ན་ཡག་པོ་ཡོང་གི་རེད་སྙམ་པ་དེ་རེད།

    བཀྲ་ནོར་གྱི་བསམ་ཚུལ་ལ་གང་མགྱོགས་ནང་མི་དང་གྲོགས་པོའི་རྒྱབ་སྐྱོར་ཐོབ། ཁོང་གིས་གྲོང་ལྷན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་རོགས་རེས་མཉམ་ལས་ཁང་ཞིག་བཙུགས་ཤིང་། གཙོ་བོ་ཤེལ་ཁང་དང་། ཞིང་འབྲོག་པའི་ཁང་པ། བོད་བཟོའི་ཐབ་ཁ་སོགས་ཀྱི་སྐྲུན་འགན་འཁུར་གྲོང་ལྷན་གྱི་ཁྱིམ་ཚང་དབུལ་པོ་14ཡི་སྣེ་ཁྲིད་ནས་མཉམ་དུ་ལས་གཏོད་ཀྱང་བྱས་ཡོད། གྲོང་ལྷན་གྱིས་ཀྱང་རིན་མེད་ངང་མཉམ་ལས་ཁང་གི་གཞུང་ལས་ཁང་མཁོ་འདོན་བྱས་པ་མ་ཟད། ད་དུང་ལས་སྒོ་ཁྱབ་གདལ་དང་སྦྲེལ་མཐུད་བྱེད་རོགས་ཀྱང་ཧུར་ཐག་བྱས་ཡོད།

    མཉམ་ལས་ཁང་བཙུགས་མ་ཐག་མ་དངུལ་ཁ་ཐང་པོ་ཡོད་སྟབས། བཀྲ་ནོར་གྱིས་ལོ་མང་བསགས་བསགས་གྲུང་གྲུང་བྱས་པའི་སྒོར་ཁྲི་10.5དེ་བཏོན་པ་དང་། ལག་རྩལ་བྱང་ཆུབ་པོ་མེད་སྟབས། དེའི་ཐད་ཀྱི་དགེ་རྒན་བཙལ་ནས་ཁེངས་སྐྱུངས་ངང་སློབ་སྦྱོང་བྱས་པ་མ་ཟད། རང་ཉིད་ཀྱིས་ཤེས་པའི་ལག་རྩལ་མཉམ་ལས་ཁང་གི་ལས་མི་གཞན་དག་ལ་བསླབས་པ། ཁྲོམ་རར་ཞུགས་པའི་ཐབས་ལམ་དཀོན་པས་བཀྲ་ནོར་གྱིས་དྲིལ་བསྒྲགས་ལག་དེབ་བཟོས་ཏེ་སྤྲོད་པ་སོགས་བྱས་ནས་2016ལོའི་ཟླ་5ཚེས་18ཉིན་མཉམ་ལས་ཁང་དངོས་སུ་གཉེར་འགོ་བཙུགས་ཡོད།

    བཀྲ་ནོར་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་མི་ཞིག་རེད་ལ། མཉམ་ལས་ཁང་གི་ལས་སྒོ་ཁག་གི་གྲོན་དངུལ་ཡང་ལུགས་མཐུན་ཡིན་པས། དེ་གར་མཉམ་ལས་ཀྱི་གྲོས་མོལ་བྱེད་པར་ཡོང་མཁན་ཁེ་ལས་དང་མི་སྒེར་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པ་དང་། མཉམ་ལས་ཁང་གི་ཚོང་ཡང་ཧ་ཅང་ཡག་ཏུ་འགྲོ་བཞིན་ཡོད་པས། ལོ་གཅིག་མ་འགོར་བར་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

    དེ་དང་ཆབས་ཅིག་མཉམ་ལས་ཁང་གིས“དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི”བྱ་ཐབས་ལག་བསྟར་ཧུར་ཐག་བྱས་ཏེ་ལས་བཟོར་བཟའ་སྡོད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ལག་རྩལ་མི་སྣ་དང་དེ་བཞིན་ལས་ཡུལ་གྱི་འགན་འཁུར་བར་ཉིན་རེར་གླ་ཕོགས་སྒོར་200དང་ལས་བཟོ་དཀྱུས་མར་ཉིན་རེར་གླ་ཕོགས་སྒོར་150སྤྲོད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་དེ་གར་ལས་ཞུགས་ཐུབ་ཐབས་བྱས་པས་དུད་ཚང་དབུལ་པོའི་དབུལ་སྒྲོལ་གྱི་ཡིད་ཆེས་སྔར་བས་ཆེ་རུ་སོང་ཡོད།

    ད་ཆ་བཀྲ་ནོར་གྱི་ཚོང་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བའི་ནང་རྡོ་སོལ་ཕྱིར་ཚོང་དང་། ཁང་པ་བཟོ་སྐྲུན། རླངས་འཁོར་ཉམས་བཟོ་སོགས་ཚུད་པར་ལོར་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཟིན་པ་དང་། ཁོང་ཡང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“འབྱོར་ཕྱུག་ཅན”ལ་གྱུར་ཡོད།

    འོན་ཀྱང་བཀྲ་ནོར་གྱིས་བསམ་བློ་དེ་ལྟར་གཏོང་གི་མེད། ཁོང་གིས“ངའི་རྒྱུ་ནོར་དག་ང་རང་གཅིག་པུས་བསགས་པ་ཞིག་མིན་པར་དེ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་རེད། སླད་ཕྱིན་རང་ཉིད་ཀྱིས་སྤྱི་ཚོགས་ལ་དྲིན་ལན་ཡག་པོ་འཇལ་རྒྱུ་ཡིན”ཞེས་བརྗོད། 2017ལོའི་ཟླ་2པར། བཀྲ་ནོར་གྱིས་གྲོང་ལྷན་གྱི་དུད་ཚང་14ལ་དུས་ཆེན་གོང་གི་འཚམས་འདྲིར་བསྐྱོད་དེ་རིན་ཐང་སྒོར་ཁྲི་3ཙམ་རི་བའི་འཚོ་བའི་དངོས་ཟོག་སྤྲད་པ་དང་། 2017ལོར་མཉམ་ལས་ཁང་གིས་དུད་ཚང་དབུལ་པོ་20ལ་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ཙམ་ཡོང་རྒྱུའི་སྣེ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།