དབུ་ཤོག>ཞིང་འབྲོག་གསར་པ།
  • ཐོག་མའི་བསམ་འདུན་རྡོ་རྗེའི་བྲག་ལྟར་བརྟན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-06

    782216_yis_1604310630627_s.jpg

    འདི་ནི་སྤེན་པས་ཁྱིམ་དུ་ཏང་དང་རྒྱལ་ཁབ་ཀྱི་ཞིང་ཕྱུག་ཞིང་ཕན་གྱི་འབྲེལ་ཡོད་སྲིད་ཇུས་སློབ་སྦྱོང་བྱེད་བཞིན་པ། 

    782215_yis_1604310630346_s.jpg

    འདི་ནི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྣ་ཚོགས་བསྒྲིགས་པའི་སྤེན་པའི་ཁྱིམ་གྱི་མགྲོན་བསུ་ཁང་གི་ཟུར་ཞིག་ཡིན་པ། 

    782217_yis_1604310630939_s.jpg

    འདི་ནི་སྤེན་པས་ཁོང་གི་བུ་གཉིས་དང་མཉམ་དུ་ཀུང་སིའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་གཞིར་ཞིབ་འཇུག་བྱེད་བཞིན་པ། 

    782214_yis_1604310630018_s.jpg

    འདི་ནི་2019ལོར་སྟོད་ལུང་ནོར་བཟང་ཕན་བདེ་ཕྱོགས་བསྡུས་ཞབས་ཞུ་ཚད་ཡོད་ཀུང་སིས་ས་གནས་དེ་གའི་གྲོང་མིར་ལོ་མཇུག་གི་བགོ་འགྲེམ་རྒྱག་བཞིན་པ། 

    782218_yis_1604310631297_s.jpg

    འདི་ནི་ས་གནས་དེ་གའི་གྲོང་མི་སྟོད་ལུང་ནོར་བཟང་ཕན་བདེ་ཕྱོགས་བསྡུས་ཞབས་ཞུ་ཚད་ཡོད་ཀུང་སིའི་རྩམ་པ་ལས་སྣོན་ཁང་དུ་ལས་ཀ་བྱེད་བཞིན་པ། 

    782219_yis_1604310631609_s.jpg

    འདི་ནི་སྟོད་ལུང་ནོར་བཟང་ཕན་བདེ་ཕྱོགས་བསྡུས་ཞབས་ཞུ་ཚད་ཡོད་ཀུང་སིའི་སྣུམ་ལས་སྣོན་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་སྤྱི་གནོད་མེད་པའི་པད་ཁའི་སྣུམ་ཡིན་པ། 

    རྒྱ་མོ་གྲོང་ཚོ་ནི་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་ཁོངས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། སྤེན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དེ་དུས་རབས་གོང་མའི་ལོ་རབས་80པ་ནས་ད་བར་གླེང་གཞིར་གྱུར་ཡོད། མི་རྣམས་ཀྱིས་ཁོང་ནི་རྒྱ་མོ་གྲོང་ཚོའི་གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་སྐྱོད་མཁན“འབྲོག་པ”རེད་ཅེས་ཞེས་བརྗོད་ཀྱི་ཡོད་ལ། གྲོང་མི་ཚོས་གླེང་མང་ཤོས་ཀྱི“འཇོན་ཐང་ཅན”ཞིག་དེ་བས་ཀྱང་རེད།

    སྤེན་པས་ལས་གཏོད་བྱེད་པའི་དུས་རབས།

    1950ལོར་སྤེན་པ་རྒྱ་མོ་གྲོང་ཚོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སྐབས་དེར། བོད་ཀྱི་འོག་རིམ་གྱི་མི་སེར་ཚོ་ད་དུང་དཀའ་སྡུག་གི་རྒྱ་མཚོར་ལྷུང་བའི་ལོ་རབས་སུ་གནས་པ་དང་སྤེན་པའི་ཁྱིམ་ཡང་ཧ་ཅང་སྐྱོ་པོ་ཡོད།

    སྤེན་པའི་འཚར་ལོངས་ཀྱི་བག་ཆགས་ནང་ཁོང་དང་ནང་མི་རྣམས་ཀྱིས་སྡུག་བསྔལ་ཚད་མེད་མྱངས་ཤིང་། འཁྱག་ལྟོགས་ཀྱིས་མནར་བའི་ལོ་ཟླ་དག་ཁོང་གིས་ད་དུང་བརྗེད་པར་དཀའ།

    ལོ་ན་གཞོན་པའི་དུས་སུ་སྤེན་པ་ཧ་ཅང་གྲུང་པོ་ཡོད། བྲོ་གར་ལ་དགའ་བའི་འབྲོག་པའི་རང་གཤིས་ནི་ཁོང་གི་ལུས་ཐོག་ནས་གསལ་པོར་མངོན། ཁོང་གིས་ཐོན་སྐྱེད་རུ་ཁག་གི་བྱེད་སྒོ་ཁག་ལ་ཞུགས་པ་དང་ཤང་དུ་ཞབས་བྲོ་འཁྲབ་པར་འགྲོ་ཡི་ཡོད་ལ། སྟོད་ལུང་གི་ས་ཆ་གཞན་དུ་ཡང་སྐྱོད་ཀྱི་ཡོད། ཕྱིར་སྐྱོད་པའི་གོ་སྐབས་རེ་ཟུང་དེ་དག་གིས་ཁོང་གི་མཐོང་རྒྱའང་ཆེ་རུ་ཕྱིན་ཡོད།

    དུས་རབས་གོང་མའི་ལོ་རབས་80པར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལ་བརྟེན་ནས་ཐོན་སྐྱེད་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་དུད་ཚང་དུ་ལག་བསྟར་བྱས་པས་སྤྱང་གྲུང་ལྡན་པའི་སྤེན་པ་རི་སྟེང་དུ་སྨན་རྩྭ་བཀོག་པར་བསྐྱོད་དེ་ཡོང་འབབ་གསོག་འགོ་ཚུགས། སྤེན་པའི་ཨ་མ་ནི་སྨན་པ་རྐང་རྗེན་མ་ཞིག་ཡིན་པ་དང་རྒྱུན་དུ་རི་འགོ་ནས་སྨན་རྩྭ་བཏུས་ཏེ་གྲོང་མིར་རྒྱུན་མཐོང་གི་ནད་རིགས་སྨན་བཅོས་བྱེད་ཀྱི་ཡོད། དེ་སྔ་ཕྱུགས་འཚོ་སྐབས་སྤེན་པས་ཀྱང་སྨན་རྩྭ་འཐུས་མྱོང་ཡོད་པས་སྨན་རྒྱུ་མི་ཉུང་བ་ཞིག་ངོས་འཛིན་ཐུབ་ཀྱི་ཡོད།

    སྤེན་པས་ལོ་གསུམ་རིང་སྨན་རྩྭ་བཙོངས་ནས་སྒོར་4000རག་པ་དེ་དག་གིས་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་རྙིང་པ་ཞིག་ཉོས་ཏེ་བྱེ་མ་དང་། ས་རྡོ། ཨར་འདམ་སོགས་སྐྱེལ་འདྲེན་བྱས།

    རྒྱ་མོ་གྲོང་ཚོ་ནས་ཕྱིར་བསྐྱོད་ཐེངས་མང་དུ་ཕྱིན་པ་དང་སྦྲགས་སྤེན་པས་ཁོང་ཚོའི་གྲོང་ཚོ་རྗེས་ལུས་ཇི་ཙམ་ཐེབས་པ་མྱོང་ཚོར་ཆེན་པོ་བྱུང་ཡོད།

    རྒྱ་མོ་གྲོང་ཚོར་གཏེར་རྡོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེས་ན་བསམ་བློ་གཏོང་རྒྱུར་དགའ་བའི་སྤེན་པས་གཏེར་རྡོ་སྔོག་འདོན་བྱས་ནས་ཁྲོམ་རར་འཚོང་རྒྱུའི་འཆར་གཞི་རགས་ཙམ་བཀོད། 1982ལོར། ཁོང་གིས་ཁྱིམ་ནས་རྐང་ཐང་མར་ཆུ་ཚོད་གཅིག་གི་བར་ཐག་ཡོད་པའི་ས་ཆར་གཏེར་རྡོ་སྔོག་འདོན་བྱས། སྐབས་དེ་དུས་དེ་གར་རླངས་འཁོར་ཤར་གཏོང་ཐུབ་ཀྱི་མེད་ཅིང་། དང་ཐོག་གཏེར་རྡོ་སྒལ་པར་ཁུར་ནས་དབོར་བ་དང་དེ་རྗེས་བུ་གཉིས་ཀྱིས་བོང་བུ་དེད་དེ་ཉིན་ལྟར་འགྲོ་འོང་ཐེངས་དྲུག་བྱས་ཏེ་ཉིན་4ཡི་རིང་ཏུན་4ཟིན་པའི་རྡོ་དཀར་གོང་རླངས་འཁོར་གང་བསགས་རྗེས་ཁྲོམ་རར་བཙོངས་པར་རླངས་འཁོར་རེ་ནས་ཡོང་འབབ་སྒོར་320གསོག་ཐུབ་ཀྱི་ཡོད།

    “དེ་རྗེས་རིམ་བཞིན་གྲོང་ཚོའི་ནང་ནས་མི་10ཡིས་གཏེར་རྡོ་སྔོག་འདོན་ནང་ཞུགས་པ་དང་ངས་ཁོང་ཚོར་ཟླ་རེར་གླ་ཆ་སྒོར་300སྤྲོད་ཀྱི་ཡོད།” ལོ་5རིང་། རྒྱ་མོ་གྲོང་ཚོར་སྤྱང་གྲུང་ལྡན་ཞིང་། སྐད་གྲགས་ཆོད་པའི་ཚོང་པ་སྤེན་པ་དེ་ལྟར་འཚར་ལོངས་བྱུང་བ་དང་ཁོང་གིས་དེ་སྔའི་དངུལ་བུན་འཇལ་ཚར་བ་མ་ཟད། ད་རུང་གཏེར་རྡོ་སྔོག་ས་ནས་གྲོང་ཚོའི་བར་ལམ་ཞིག་བཟོས། ཡོང་འབབ་དང་པོ་དེ་རག་རྗེས་ཁོང་གིས་སླར་ཡང་སྒོར་ཁྲི་4བཏང་ནས་ཤར་རླུང་རྟགས་ཅན་གྱི་ལྕགས་གཞོང་རླངས་འཁོར་ཞིག་ཉོས། སྐབས་དེར་ཁོང་གི་དཔུང་ཁག་ནང་གྲོང་མི་15ཡོད་པ་དང་ཁོང་ཚོར་ཟླ་རེར་གླ་ཕོགས་སྤྲོད་ཀྱི་ཡོད།

    བློ་གཅིག་སེམས་གཅིག་གིས་གྲོང་མིར་ཕན་བདེ་སྐྲུན་པ།

    སྤེན་པས་ལོ་ལྟར་དུས་བཀག་ནང་གྲོང་ཚོའི་ཕྲུ་གུ་ཚང་མར་སློབ་སྦྱོང་གི་མཁོ་ཆས་ཆ་ཚང་ཉོ་ཡི་ཡོད། 2019ལོའི་ལོ་མཇུག་བར་སྤེན་པས་གནས་ཆུང་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་རྒྱ་མོ་གྲོང་ཚོའི་སློབ་ཆུང་ལ་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་80ལྷག་ཙམ་ཞལ་འདེབས་ཕུལ་བ་དང་། གྲོང་ཚོ་དེ་གའི་མི་ཧྲེང་རྒན་རྒོན་དང་ནད་གཞི་ལྕི་པོ་ཕོག་པའི་ནད་པ་སོགས་ལ་མ་དངུལ་སྒོར་ཁྲི་50ལྷག་ཙམ་བཏང་བ། རྒྱ་མོ་གྲོང་ཚོའི་གྲོང་མི་ཡོངས་ཀྱི་ལོ་རེའི“གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ”ནང་མི་སྒེར་གྱིས་འཇལ་དགོས་པའི་འགན་ལེན་དངུལ་སྤྲད་པ་དང་ད་བར་སྒོར་ཁྲི་36.6བསྐྱལ་ཡོད། མ་དངུལ་བཏང་ནས་གྲོང་མིར་ཆུ་ཀ་ལ་བཟོ་རོགས་བྱས་པ་དང་གྲོང་ཚོ་ཡོངས་ཀྱི་ཚོགས་ཆུང་5ལ་ཞིང་སྤྱོད་བརྔ་བསྡུ་འཕྲུལ་འཁོར(ཚོགས་ཆུང་རེར་སྒོར་ཁྲི་1)ཉོས་ཡོད། ལོ་ལྟར་འོང་སྐོར་སྐབས་རྒྱ་མོ་གྲོང་ཚོར་སྒོར་ཁྲི་4ཞལ་འདེབས་བརྒྱབ་པ་དང་། གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱེད་མེད་བུ་ལོན་བསྡོམས་སྒོར་ཁྲི་400ལྷག་ཙམ་བཏང་བ། སྒོར་ཁྲི་240བཏང་ནས་ཟོག་འདྲེན་རླངས་འཁོར་5ཉོས་ཏེ་དུད་ཚང་དབུལ་པོ་25ལ་ཡོང་འབབ་གསོག་རྒྱུར་སྤྲད་པ། 2016ལོ་ནས་2019ལོ་བར་ལོ་3བསྟུད་མར“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”དབུལ་སྐྱོར་དཀའ་སེལ་གྱི་ཞལ་འདེབས་བྱེད་སྒོ་གཉེར་ནས་དུད་ཚང་དབུལ་པོར་ཀུང་སིའི་ཁེ་བཟང་ནས་སྒོར་ཁྲི་411བགོ་འགྲེམས་བརྒྱབ་པ། 2020ལོར་ཏོག་གསར་གློ་ཚད་རིམས་ནད་རིང་སྤེན་པའི་ཁྱིམ་གྱིས་སྣེ་ཁྲིད་དེ་དངུལ་དངོས་ཞལ་འདེབས་བརྒྱབ་པ་དང་དེ་བཞིན་བོགས་གླ་ཆག་ཡང་བཏང་བར་བསྡོམས་སྒོར་ཁྲི་74ཟིན་པ་སོགས་བགྲང་གིས་མི་ལངས་།

    དུས་ཡུན་རིང་པོའི་ནང་སྤེན་པས་གྲོང་མིའི་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་སོགས་དམངས་འཚོའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་དེ་ནི་ཁོང་གི་ཐོག་མའི་བསམ་འདུན་ཡང་རེད། ཁོང་གིས“ངས་མི་དེ་བས་མང་བའི་སྣེ་ཁྲིད་དེ་མཉམ་དུ་འབྱོར་ཕྱུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན”ཞེས་བརྗོད།

    ཐོག་མའི་བསམ་འདུན་བརྟན་སྲུང་དོན་སྨིན་བྱུང་བ།

    དུས་རབས་གོང་མའི་ལོ་རབས་80པའི་དུས་འགོ་ནས་རྒྱ་མོ་གྲོང་ཚོའི་གྲོང་མིའི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་སྤེན་པ་ལོ་55ལ་སླེབས་སྐབས་གྲོང་མིས་འདེམས་ཤོག་འཕངས་ནས་གྲོང་ཚོའི་ལས་བྱེད་པར་བདམས་པ་རེད། ལོ་56སྐབས་སུ་དངོས་སུ་ཏང་ནང་ཞུགས་ནས་གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར།

    སྐབས་དེ་དུས་ཀྱི་གནས་ཚུལ་བརྗོད་སྐབས། སྤེན་པས་དགོད་བཞིན་དུ“སྔོན་ཆད་ཏང་ནང་ཞུགས་པའི་གོ་སྐབས་མེད་པ་མ་ཡིན། འོན་ཀྱང་རང་ཉིད་ཀྱི་འོས་ཐོབ་མི་འདང་བའི་ངོས་འཛིན་བྱེད་ཀྱི་ཡོད། རྗེས་སུ་གྲོང་མིའི་ཆེད་དུ་བྱ་བ་མང་པོ་བསྒྲུབས་པས་ཡུལ་མི་སྤུན་ཟླ་རྣམས་ཀྱི་ཁས་ལེན་ཐོབ་བྱུང་། དེར་བརྟེན། གཞི་ནས་ཏང་ནང་ཞུགས་པའི་དམ་བཅའ་བཞག་པ་ཡིན”ཞེས་བརྗོད།

    “ཏང་ནང་ཞུགས་རྗེས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་དགོས་པ་ལས། གཡོ་ཟོལ་སྤུ་ཙམ་བྱ་རྒྱུ་མེད་ལ་སྒེར་སེམས་དེ་བས་འཛིན་རྒྱུ་མེད”ཅེས་རྒྱ་མོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར་ནས་ལོ་མང་སོང་བའི་སྤེན་པས་དེ་ལྟར་བརྗོད།

    ད་ཆ་ལོ་70ལ་སླེབས་པའི་སྤེན་པ་ནི་སྟོད་ལུང་ནོར་བཟང་ཕན་བདེ་ཕྱོགས་བསྡུས་ཞབས་ཞུ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་ཞིང་། ཀུང་སི་དེ་ཡང་ཁོང་གིས་ཁྱིམ་རྒྱུད་ཀྱི་ཁོངས་མི་ཁྲིད་དེ་2007ལོར་བཙུགས་པའི་ཀུང་སི་ཞིག་རེད། ཨར་སྐྲུན་དང་། རྩམ་པ། པད་ཁའི་སྣུམ་ལས་སྣོན་བཅས་དང་དེ་བཞིན་ལག་ཤེས་ཐོན་རྫས་ཀྱི་ཁྱབ་ཁོངས་ཆེན་པོ་འགའ་དང་འབྲེལ་བ་ཡོད་པ་དང་ལས་མི་228ཡོད་པས། གྲོང་མི་མང་པོ་ཞིག་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད།

    དེ་སྔ་སྤེན་པ་དང་མཉམ་དུ་ལས་གཏོད་བྱས་མྱོང་བའི་མི་དེ་དག་ཁེ་ལས་དེའི་རྒན་ཡོལ་ཞུས་པའི་ལས་མི་ཁག་དང་པོའི་གྲས་སུ་གྱུར་ཡོད། དེའི་ནང་གྲོང་མི་ཁ་ཤས་ལ་ཟླ་རེ་བཞིན་རྒན་ཡོལ་ཕོགས་དངུལ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་མུ་མཐུད་ལས་གནས་སུ་ཕྱིར་ལོག་བྱས་ན་ཟླ་རེར་གླ་ཆའང་ལེན་རྒྱུ་ཡོད། རྒྱ་མོ་གྲོང་ཚོའི་གྲོང་མིས་ལོངས་སྤྱོད་ཐུབ་པའི་ཐོབ་ཐང་དེ་དག་ལ་མཐའ་འཁོར་གྱི་གྲོང་ཚོ་གཞན་དག་གི་མི་རྣམས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད།

    དེ་སྔོན་རྡོ་གཤགས་ར་བ་བཙུགས་ནས་དར་རྒྱས་བྱུང་བའི་སྤེན་པས་རྟག་ཏུ་གནོང་འགྱོད་བྱེད་ཀྱི་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་ནན་གསུང་ཡང་ཡང་གནང་བ་དེ་ལས་སྤེན་པས་རང་བྱུང་ཁམས་ལ་གཏོར་སྐྱོན་བཏང་བའི་གནོང་འགྱོད་དེ་ཉིན་རེ་ལས་མ་འདས་པར་ཆེ་རུ་སོང་ཡོད། དེར་བརྟེན་ཁོང་གིས་རྟག་ཏུ་རྒྱ་མོ་གྲོང་ཚོར་གང་ཞིག་འཇོག་དགོས་པ་བསམ་བློ་གཏོང་གི་ཡོད་ལ། རྟག་ཏུ་རང་ཉིད་དང་བུ་ཕྲུག་ལ་གནད་དོན་དེ་སྐད་ཆ་འདྲི་ཡི་ཡོད།

    ལོ་འདི་དག་རིང་། སྤེན་པ་དང་ཁོང་གི་ཕྲུ་གུ་ཚོས་ལོ་ལྟར་རྒྱ་མོ་གྲོང་ཚོ་ས་ཞིང་རིན་གོང་མཐོ་པོས་བོགས་མར་བླངས་རྗེས་ལྷ་ས་དང་ནང་ས་ནས་སྡོང་ཕྲུག་སྣ་ཚོགས་ནང་འདྲེན་བྱས་ཏེ་ལུང་ཤུར་དུ་ལོ་ཤས་འདེབས་གསོ་བྱས་ནས་གསོན་ཐུབ་རྗེས་མི་ཤུགས་དང་དངོས་ཤུགས་མང་པོ་བཏང་སྟེ། དེ་སྔ་གཏེར་རྡོ་སྔོག་མྱོང་བའི་རིའི་མཐའ་འཁོར་དུ་འདེབས་འཛུགས་བྱེད་ཀྱི་ཡོད། དེ་ལྟར་བྱས་ནས་ས་གནས་དེ་གའི་གྲོང་མིར་ཡོང་འབབ་གཏོད་ཐུབ་པ་མ་ཟད། དེ་སྔའི་རི་རྒོད་དེ་ནགས་རིར་གྱུར་བ་བྱས་ཡོད། མིག་སྔའི་བར་སྤེན་པའི་ཁྱིམ་གྱིས་རྒྱ་མོ་གྲོང་ཚོར་ལྗོན་ཤིང་སྡོང་རྐང་ཁྲི་5བཏབ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།