དབུ་ཤོག>ཞིང་འབྲོག་གསར་པ།
  • ཤ་མོང་བཏབ་ནས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-30

    ཉེ་ཆར། དཔའ་ཤོད་རྫོང་ཡིད་ཆེན་ཤང་ཆོས་སྒྲ་གྲོང་ཚོའི་གྲོང་མི་རྣམས་བྲེལ་བས་ཁེངས་བཞིན་མཆིས། དེ་ཡང་ཁོ་ཚོས་ཐེངས་དང་པོར་བཏབ་པའི་ཤ་མོང་ལ་ལོ་ལེགས་བྱུང་ཡོད། ཤ་མོང་ནི་ཐོན་ལས་ཆེན་པོ་ཞིག་རེད། ཀྲུང་དབྱང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ལ་རོགས་སྐྱོར་བྱེད་པའི་སྣེ་ཁྲིད་འོག ཆོས་སྒྲ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ས་མཐོར་འདེབས་འཛུགས་དཀའ་བའི་དཀའ་ངལ་ཁྱད་དུ་བསད་དེ་ཞིང་ནང་དུ་ཤ་མོང་བཏབ་པས་མང་ཚོགས་ཀྱི་འཚོ་བ་ཡག་ཏུ་འགྲོ་རྒྱུར་གསོན་ཤུགས་སྦྱིན།

    ཟླ་བཅུ་པར་ཡིད་ཆེན་ཤང་ཆོས་སྒྲ་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་གཉིས་ནང་ཐུམ་བརྒྱབ་པའི་ཤ་མོང་གྲལ་སྒྲིག་པོས་བཞག་ནས་འདུག ས་བབ་མཐོ་ཚད་སྨི་4300ཟིན་པའི་འདེབས་འཛུགས་དྲོད་ཁང་ནང་གི་ཉིན་མོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད། ལས་དོན་མི་སྣའི་ལྟ་སྐྱོང་དང་བདག་སྐྱོང་འོག་ཤ་མོང་གི་སྐྱེ་འཚར་བཟང་ཞིང་། དཔའ་ཤོད་རྫོང་ཆོས་སྒྲ་གྲོང་ཚོར་བཅའ་སྡོད་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཅིན་ཕིང་གིས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ད་ཆ་ཤ་མོང་སྐྱེས་ཟིན་པས་ཐོན་རྫས་རིན་ཐང་སྒོར་ཁྲི་6ཙམ་ཟིན་རེ་ཡོད། ཕྱིས་སུ་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་རིན་གོང་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།

    ཕྱུག་འགྱུར་ལམ་བུར་མི་གཅིག་ཀྱང་ཉུང་མི་རུང་། 2018ལོར་ཆོས་སྒྲ་གྲོང་ཚོས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་འཚོལ་ཆེད་གསར་གཏོད་རང་བཞིན་གྱི་སྒོ་ནས་ཤ་མོང་འདེབས་འཛུགས་ལ་བརྟེན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་བཏོན་པ་དང་། 2019ལོར་ཀྲུང་དབྱང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ལ་རོགས་སྐྱོར་བྱེད་པའི་ནང་རེ་ཞུ་བྱས་པ་རེད། 2020ལོའི་ཟླ་དང་པོར་ཝང་ཅིན་ཕིང་གོང་རིམ་རྩ་འཛུགས་ཀྱིས་དཔའ་ཤོད་རྫོང་ཡིད་ཆེན་ཤང་ཆོས་སྒྲ་གྲོང་ཚོར་བཏང་བ་རེད། ཁོང་གིས་སྐབས་གོང་མའི་གྲོང་སྡོད་ལས་དོན་རུ་ཁག་གི་ལས་འགན་དང་དུ་བླངས་ནས་རང་འགུལ་ངང་གྲོང་ཚོ“ཨུ་ལྷན་གཉིས”སྐུལ་སློང་བྱས་ནས་འདེབས་འཛུགས་ལས་རིགས་ནང་ཧུར་ཐག་ཞུགས། འོན་ཀྱང་མང་ཚོགས་ལ་ཉམས་མྱོང་མེད་པར་བརྟེན་འདེབས་འདོད་བྱེད་ཀྱི་མེད། དེར་བརྟེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་དུད་ཚང་ཁག་ཏུ་བསྐྱོད་ནས་ཁ་ཏ་བསླབ་བྱ་དང་ཚོགས་འདུ་འཚོགས་པ་སོགས་བྱས་ནས་ཐོན་ལས་དེ་ཡག་པོ་ཡོད་ལུགས་སྐོར་བརྗོད་དེ་མང་ཚོགས་ཀྱི་འདེབས་འཛུགས་སྤྲོ་སེམས་འཕེལ་བར་བྱས་པ་རེད། ཕྱོགས་ཁག་དང་མཐུན་སྦྱོར་བྱས་པ་བརྒྱུད། རྒྱ་སྐད་ཤེས་པའི་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་ཕུན་ཚོགས་ཀྱིས་འབྲོག་པའི་འཐུས་མི་6ཁྲིད་ནས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོ་དང་དཔལ་འབྱོར་གསར་སྤེལ་ཁུལ་དབའ་ཡོ་གྲོང་ཚོ་སོགས་སུ་ལྟ་སྐོར་སློབ་སྦྱོང་བྱས་ཏེ་ཤ་མོང་འདེབས་འཛུགས་ལག་རྩལ་སྦྱངས། ཕྱིར་ལྟ་སྐོར་སློབ་སྦྱོང་ཐེངས་གཉིས་བྱས་པའི་ཁར། 2018ལོར་ཅང་སུའུ་ཞུས་ཀྲོའུ་རུ་ལྟ་སྐོར་སློབ་སྦྱོང་བྱེད་མྱོང་བར་བརྟེན་སྐལ་བཟང་ཕུན་ཚོགས་ཀྱི་ལྗང་མདོག་སྣོད་བཅུད་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོས་སེམས་དེ་བས་བརྟན་དུ་ཕྱིན་པ་རེད།

    ལྟ་སྐོར་སློབ་སྦྱོང་བྱས་རྗེས་ཆོས་སྒྲ་གྲོང་ཚོར་ལོག་པའི་སྐལ་བཟང་ཕུན་ཚོགས་ཀྱིས་གྲོང་ཚོའི་མང་ཚོགས་ཤ་མོང་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་མ་ཟད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་རེད། མང་ཚོགས་ཚོར་བསམ་ཚུལ་མང་དུ་ཕྱིན་པ་དང་། ཧུར་བརྩོན་རང་བཞིན་ཆེ་བ། མིག་རྒྱང་རིང་དུ་ཕྱིན་པ་བཅས་ཤེས་སྐབས། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བུ་སྐྱིད་ཀྱི་དགའ་སྤྲོའི་སེམས་པ་གནོན་ཐབས་བྲལ།

    དྲོད་ཁང་རྒྱག་པ་དང་། སྒྲིག་ཆས་ཉོ་བ། ཕྱིར་ལྟ་སྦྱོང་། ཤ་མོང་གི་སོན་ནང་འདྲེན་བཅས་བྱས་པ་ནས་གཡུར་ཟའི་འབྲས་བུ་བཏགས་པའི་བར། ཆོས་སྒྲ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷོད་མེད་བྱས་ཡོད། ཧྲུའུ་ཅི་དང་པོ་ཤའོ་དབྱང་གིས་ཤ་མོང་ལ་ལྟ་བཞིན“གོམ་སྟབས་རྗེས་མར། ང་ཚོས་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་སྣེ་ཁྲིད་དེ་རྣམ་གྲངས་ཞིབ་ཚགས་སུ་གཏོང་བའི་དོ་དམ་ལ་འཚམ་པ། ཤུགས་སྣོན་རྒྱག་པ་དང་། ཐོན་རྫས་བྲིན་ཚོང་ཐད་བསམ་བློ་མང་ཙམ་གཏོང་བ། ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཐད་བྱེད་ཐབས་གསར་པ་དོན་གཉེར་བཅས་བྱས་ཏེ་ཤ་མོང་དུས་ཐོག་ཏུ་འཚོང་རྒྱུ་དང་འབྲེལ་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་མ་ཟད། མང་ཚོགས་སྣེ་ཁྲིད་བྱས་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུ་ཡིན”ཞེས་བརྗོད་བྱུང་།

    “ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་བླང་བྱ་ཞིག་རེད། ད་ཆ་དཔའ་ཤོད་རྫོང་ཡིད་ཆེན་ཤང་ཆོས་སྒྲ་གྲོང་ཚོའི་ཏང་ཀྲི་པུས་གྲོང་གསེབ་དར་རྒྱས་ཁྲོད་ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཞབས་ཞུ་འགན་ལེན་གྱི་ནུས་པ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མངོན་པར་བྱས་ནས། ས་མཐོའི་སྣོད་བཅུད་འདེབས་འཛུགས་ལས་རིགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོང་གསེབ་དར་རྒྱས་འཐབ་ཇུས་དམིགས་སར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།