ཟླ་བ་བཅུ་པ་ཚུན་དུ། གསར་དུ་བཙུགས་པའི་ཀོང་པོ་རྒྱ་མདའ་རྫོང་གི་ཞིང་སྡེའི་དུང་མ་ལྟ་སྐོར་གླིང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ངལ་གསོའི་རིང་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ཡོད།
ཞིང་སྡེའི་དུང་མ་ནི་ཀོང་པོ་རྒྱ་མདའ་རྫོང་གིས་བཙུགས་པའི་དེང་རབས་ཞིང་ལས་ལྟ་སྐོར་གླིང་དང་པོ་དེ་ཡིན་ཞིང་། ས་ཆ་མུའུ་1500བཟུང་བ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་3བཏང་བ་རེད། ཞིང་སྡེའི་བར་མཐོངས་ཀྱི་བཀོད་པ་དང་ནུས་པར་གཞིགས་ཏེ་ལྟ་སྐོར་གླིང་དེས་མཚོ་འགྲམ་མཛེས་ལྗོངས་ཁུལ་དང་། སྤྲོ་གསེང་བྱེད་སྒོའི་ཉམས་ལེན་ཁུལ། སྣོད་བཅུད་སྒྲིག་བཀོད་ཞིང་ལས་ཐོན་རྫས་སྔོག་འཐུ་ཁུལ། ཡུལ་སྐོར་སྣེ་ལེན་ཁུལ། དེ་བཞིན་རིག་གནས་ཉམས་ལེན་ས་ཚིགས་དང་། ཚོང་ལས་བྱེད་སྒོའི་ས་ཚིགས། ཞིང་ལས་ལྟ་སྐོར་ས་ཚིགས་བཅས་སུ་དབྱེ་ནས“རྒྱུད་གཅིག”དང་། “ཁུལ་གསུམ” “ས་ཚིགས་གསུམ”བཅས་ཀྱི་རྣམ་པ་ཆགས་ཡོད།
“རྒྱལ་སྟོན”གྱི་ངལ་གསོའི་རིང་། ཞིང་སྡེའི་དུང་མར་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་ཤིང་། གླིང་ཁུལ་དུ་ཡུལ་སྐོར་བས་ལྟ་སྐོར་རླངས་འཁོར་བསྡད་དེ་ལྟ་སྐོར་དུ་བསྐྱོད་ཆོག་ལ། དཔྱང་ཐག་དང་། ཚོན་མདོག་སྣ་བདུན་གྱི་ཐན་ཤུད། ས་དབྱིབས་ཧྲིལ་པོའི་བྱེས་བགྲོད་རླངས་འཁོར་སོགས་རོལ་རྩེད་རྣམ་གྲངས་དང་། ཞིང་ལས་སྐྱེ་དངོས་འཐུ་བ། མེ་ཕུང་སྤོར་བ། གུར་རྒྱག་པ་སོགས་ཡུལ་སྐོར་ཉམས་ལེན་རྣམ་གྲངས་སྣ་ཚོགས་ལས་ཡུལ་སྐོར་བའི་ལུས་སེམས་ཞི་ལྷོད་དུ་གྱུར་བར་བྱེད་ཀྱི་ཡོད།
ཞིང་སྡེའི་དུང་མས་ཀོང་པོ་རྒྱ་མདའ་རྫོང་གི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་དང་སྐུལ་ཁྲིད་བྱས་པ་དང་འབྲེལ། ཞིང་འབྲོག་པའི་འབབ་འཕར་གྱི་སྟེགས་བུ་བརྟན་པོ་ཞིག་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ངལ་ནུས་ཕྱིར་གཏོང་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་བསྐོངས་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དངུལ་སྨར་ཡོང་འབབ་མང་དུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་9ཚེས་29ཉིན་ཞིང་སྡེའི་དུང་མ་ལྟ་སྐོར་གླིང་དངོས་སུ་སྤྱོད་འགོ་ཚུགས་པ་དང་དུས་ཐུང་ཉིན་ཁ་ཤས་ནང་། ཡུལ་སྐོར་བ་མི་ཐེངས་ཁྲི་1.3ལྷག་ཙམ་ལ་སྣེ་ལེན་ཞུས་པས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་དང་། ས་གནས་དེ་གའི་ལས་བྱེད་པ་དང་ལས་བཟོ། ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་བཅས་ཡུལ་སྐོར་དང་། སྤྲོ་གསེང་། རོལ་རྩེད་བཅས་བྱེད་མང་ཤོས་སུ་གྱུར་ཡོད།