“ནམ་རྒྱུན་སྒོ་ཁ་ནས་མགོ་བོ་དགྱེ་ནས་ཐོག་ཁའི་རྒྱལ་དར་ལ་ལྟ་ཐེངས་རེར། ངའི་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་ལོ་71ལ་སླེབས་པའི་དོན་འགྱུར་རྒྱལ་དར་འོག་ལངས་ནས་བརྩེ་བ་ཟབ་མོས་བཤད།
དོན་འགྱུར་ནི་1949ལོར་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1981ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། རྒྱལ་དར་འཚེམ་བཟོ་དང་སྒྲེང་བའི་ཀུན་སློང་སྐོར་གླེང་སྐབས་དོན་འགྱུར་བསམ་གཞིག་གི་ཀློང་དུ་ཚུད།
1971ལོར་དོན་འགྱུར་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས། “དར་ཤིང་མཐོན་པོའི་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ་བ་དང་བསྐྲུན་ནས་ཁོང་གི་སེམས་པ་གཟི་བརྗིད་དང་སྤོབས་པས་ཁེངས། སྐད་ཅིག་མ་དེར་ང་ལ་སེམས་འགུལ་ཐེབས་ནས་མིག་ཆུ་ཡང་དབང་མེད་དུ་ཤོར”ཞེས་དོན་འགྱུར་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
ཉིན་དེར། དོན་འགྱུར་ཚོང་ཁང་དུ་སོང་ནས་དར་གོས་དམར་པོ་དང་སེར་པོ་ཉོས། རྒྱལ་དར་ཞིག་ལག་འཚེམ་བརྒྱབ་སྟེ་ཐོག་ཁར་བསྒྲེངས་ནས་ཏང་དང་རྒྱལ་ཁབ་ལ་གོང་བཀུར་དང་དྲིན་ཚོར་གྱི་བསམ་པ་མཚོན་པའི་འདུན་པ་དྲག་པོ་སྐྱེས།
སྐར་ལྔའི་དར་དམར་ཐོག་མ་དེ་དོན་འགྱུར་གྱིས་ཉིན་3རིང་ལག་འཚེམ་བརྒྱབ་སྟེ་བཟོས་ནས་རང་གི་བསམ་འདུན་བཞིན་ཐོག་ཁར་སྒྲེང་ཐུབ་པར་གྱུར།
དོན་འགྱུར་གྱི་སྣེ་ཁྲིད་འོག་ཡུལ་མི་ཚོས་ཀྱང་རང་ཁྱིམ་གྱི་ཐོག་ཁར་རྒྱལ་དར་བསྒྲེངས་ཤིང་། རླུང་བུ་ལྡང་སྐབས། སྐར་ལྔའི་དར་དམར་རེ་རེ་ཤར་ཕྱོགས་ཀྱི་ཉི་མ་དང་འདྲ་བར་ལྷིང་འཇགས་ཀྱི་གྲོང་ཚོ་དེའི་མཛེས་རྒྱན་དུ་གྱུར།
རྒྱལ་དར་བཟོ་སྟངས་སྐོར་གླེང་བ་ན། དོན་འགྱུར་གྱིས་ཁོང་གི་ཐབས་བཟང་བཤད། རྒྱལ་དར་བཟོ་བར་ཚད་གཞི་ནན་པོ་ཡོད་པས་རང་ཉིད་ཀྱི་འཚེམ་བཟོའི་ལག་རྩལ་ལ་བརྟེན་དགོས། དོན་འགྱུར་གྱིས་ཐོག་མར་ཚགས་པར་གྱིས་སྐར་མ་ལྔའི་བཟོ་ལྟ་དྲས་པ་དང་། ཆེ་ཆུང་ཚད་གཞི་ནན་པོ་འཇལ་ཏེ་དར་གོས་སེར་པོ་ལས་སྐར་མ་ལྔ་བཟོས་ཁར་སྐར་ལྔའི་དབར་གྱི་བར་ཐག་དང་གནས་ས་ཡང་དག་པར་འཇལ་ཞིང་། སྐར་མ་ལྔ་པོ་དར་དམར་གྱི་རྒྱབ་མདུན་གཉིས་ལ་སྦྱར་རྗེས་ཁབ་སྐུད་ཀྱིས་ཚགས་དམ་པོར་འཚེམ་དགོས་ཀྱི་ཡོད། དོན་འགྱུར་གྱིས་ད་དུང་ཆེད་མངགས་ཁ་བཏགས་དཀར་པོས་རྒྱལ་དར་གྱི་མཐའ་རྒྱན་བཏང་ནས་མེས་རྒྱལ་ལ་གུས་འདུད་དང་བཀའ་དྲིན་གྱི་བསམ་པ་མཚོན་པར་བྱས་ཡོད།
དུས་ཆེན་གལ་ཆེན་འཆར་རིམ་བཞིན། རང་ཁྱིམ་གྱི་རྒྱལ་དར་ངེས་པར་དུ་གསར་པ་བརྗེ་དགོས་ཀྱི་ཡོད། བུ་མོ་འབྲིང་བ་མཚམས་གཅོད་ཀྱིས་སྔ་ས་ནས་རྒྱལ་དར་བཟོ་བར་མཁོ་བའི་དར་གོས་དམར་པོ་དང་སེར་པོ། སྐུད་པ་བཅས་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ང་ཚོ་ནང་མི་ཡོངས་ཀྱིས་པ་ཕས་རྒྱལ་དར་བཟོ་བར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། འདི་ནི་པཱ་ལགས་ཁོང་གིས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་དུང་མཚོན་སྟངས་ཤིག་རེད། ཁོང་གིས་རྟག་པར་ང་ཚོར་གུང་ཁྲན་ཏང་གི་བཀའ་དྲིན་ལས་བདེ་སྐྱིད་འཚོ་བ་བྱུང་བ་ཡིན་པས་བཀའ་དྲིན་ནམ་ཡང་བརྗེད་མི་རུང་ཞེས་གསུང་གི་ཡོད”ཅེས་བཤད།
བུ་སྐར་མ་བཀྲ་ཤིས་ཀྱིས། པ་ཕས་ང་ཚོར་མིག་དཔེ་བཟང་པོ་བསྟན་པ་དང་ཁོང་གི་ཤུགས་རྐྱེན་ལས་2012ལོར་ང་རང་གཟི་བརྗིད་ལྡན་པའི་ངང་གུང་ཁྲན་ཏང་ནང་ཞུགས་པ་ཡིན། ངས་རྒྱལ་དར་སྒྲེང་བའི་གོམས་གཤིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་བཤད།
ཁྱིམ་གྱི་རླུང་འཕྲིན་རྙིང་པ་དེ་དོན་འགྱུར་གྱི་གཅེས་ནོར་ལྟ་བུ་རེད། ཉིན་རེ་བཞིན་རླུང་འཕྲིན་གྱི་ཁ་ཕྱེ་ནས་གསར་འགྱུར་ཉན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྐབས་དོན་དང་དམངས་ཕན་སྲིད་ཇུས་ཤེས་རྟོགས་བྱ་རྒྱུ་ནི་ལོ་50ཡི་རིང་གི་ཁོང་གི་གོམས་གཤིས་རེད། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་རྒྱལ་གླུ་གཏོང་རིམ་བཞིན་ཁོང་གིས་ཀྱང་རྒྱལ་གླུ་གཏོང་གི་ཡོད།
སྒྲུབ་སྡེ་གྲོང་ཚོ་ནི་ས་བབ་སྨི་4600ཟིན་པའི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན། གཞོན་ནུའི་དུས་སུ་དོན་འགྱུར་ནི་ལས་ལ་བརྩོན་པ་ཞིག་ཡིན་པས་ཕྱུགས་ཟོག་འཚོ་སྐྱོང་དང་རྩྭ་ས་ལྟ་སྲུང་བྱེད་མཁས་པ་མ་ཟད། ད་དུང་གྲོང་པ་ཁྱིམ་མཚེས་ཀུན་ལ་རོགས་རམ་བྱེད་མཁན་ལྷག་བསམ་ཅན་ཞིག་ཀྱང་ཡིན། 1976ལོ་ནས་2009ལོའི་བར་དོན་འགྱུར་ཡུལ་མི་ཚོས་ཚོགས་ཆུང་གི་ཙུའུ་ཀྲང་དང་། གྲོང་མི་ཨུ་ལྷན་གྱི་ཨུ་ཡོན། གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་སོགས་སུ་འདེམས་བསྐོ་བྱས།
སྒྲུབ་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབྱངས་ཅན་སྒྲོལ་དཀར་གྱིས་ཏང་ཡོན་རྒན་གྲས་དོན་འགྱུར་གྱིས་ས་ཕྱོགས་གང་དུ་བསྐྱོད་ཀྱང་ཏང་གི་དགོངས་པའི་རིགས་པའི་གཞུང་ལུགས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་གར་དྲིལ་བསྒྲགས་བྱེད་པ་དང་། གྲོང་ཚོའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་བོད་གསར་རྙིང་བསྡུར་བ་དང་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཉེ་འགྲམ་གྱི་འཕོ་འགྱུར་ཆེན་པོ་གླེང་སྟེ་ཚང་མར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
ད་ཆའི་སྒྲུབ་སྡེ་གྲོང་ཚོར་ཁྱིམ་དུད་ཚང་མར་གཤེར་ཤེལ་བརྙན་འཕྲིན་དང་། འཁྱག་སྒམ། གོས་འཁྲུད་འཕྲུལ་འཁོར་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཡོད་པ་དང་། དྲ་བ་ཚང་མར་ཁྱབ་པ། སྤྱིར་ན་མི་རེར་རིག་ནུས་ལག་ཐོགས་ཁ་པར་རེ་ཡོད་པ་སོགས་བགྲང་གིས་མི་ལངས། 2018ལོར་སྒྲུབ་སྡེ་གྲོང་ཚོའི་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7852དང་དངུལ་སྨར་ཡོང་འབབ་སྒོར་3140ཟིན་ཡོད།